ཌཱན་ཊཱག་གིས་ ལམ་སོ་རོང་ལུ་ ས་རུད་ཀྱི་འོག་ལུ་ཚུད་མི་ འགྲུལ་པ་དང་ སྣུམ་འཁོར་བོ་ལེ་རོ་དེ་ ཉེན་སྐྱོབ་འབད་བའི་མཐོང་སྣང་།

བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་བར་ན་ གཞུང་ལམ་བསལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༢ དེ་ཅིག་ཁར་ བསལ་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་བཅུག་ཡོདཔ་ཨིན་པས།

ཁ་ཙ་ དྲོ་པ་ཧ་སག་ལས་ ཌཱན་ཊཱག་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ གཞུང་ལམ་སེལ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ས་དང་སྒང་ཏོག་ཚུ་ བརྟན་ཏོག་ཏོ་མེད་པའི་ཁར་ འདས་པའི་ཉིནམ་དག་པ་ཅིག་རིང་ ཆརཔ་མ་ཆད་པར་ རྐྱབ་མི་ལུ་བརྟེན་ ས་རུད་ཆད་ཡོདཔ་ཨིན་པས།

ལུང་ཕྱོགས་ལམ་སེལ་ལས་ཁུངས་ཡིག་ཚང་གི་ བཟོ་རིག་གཙོ་འཛིན་ ཀུན་བཟང་དབང་ཕྱུག་གིས་ སླབ་མིའི་ནང་ ཆརཔ་མ་ཆད་པར་ རྐྱབ་མི་དང་ ས་སྨུག་སྤུབས་ཏེ་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་ གཞུང་ལམ་བསུབས་མི་ སེལ་ནི་ལུ་ བར་ཆད་རྐྱབ་ཡོད་རུང་ ཁ་ཙ་ བསལ་ཚུགསཔ་ལས་ སྣུམ་འཁོར་ཚུ་ བཏང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ བསམ་གྲུབ་ལྗོངས་མཁར་ལུ་ འདས་པའི་ཉིནམ་༣ གྱི་རིང་ ཆརཔ་མ་ཆད་པར་ རྐྱབ་ཡོད་མི་དེ་གིས་ ས་རུད་ཆད་ཡོདཔ་བཞིན་དུ་ ད་རུང་ ཆརཔ་རྐྱབ་པ་ཅིན་ ལོག་སྟེ་ར་ གཞུང་ལམ་བསུབ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་ ཌཱན་ཊཱག་གི་ ལས་བྱེདཔ་ཚུ་གིས་ ཁོང་གི་ཚེ་སྲོག་ལུ་ཡང་ མ་བལྟ་བར་ ཉིན་ནུབ་མེད་པར་ རྩ་འགེངས་ཏེ་ ལམ་བསལ་དོ་ཟེར་ བཤདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༡༦ གི་ནུབ་མོའི་ཆུ་ཚོད་༩ དང་༡༡:༤༥ དེ་ཅིག་གི་བར་ན་ ལམ་སོ་རོང་ལུ་ ས་རུད་ཀྱི་འོག་ལུ་ ཚུད་ཡོད་མི་ སྣུམ་འཁོར་བོ་ལེ་རོ་དང་གཅིག་ཁར་ འགྲུལ་པ་ཚུ་ཡང་ ཉེན་སྐྱོབ་འབད་ཡོདཔ་ད་ ཌཱན་ཊཱག་དེ་ གློ་བུར་གྱི་སྐབས་ དུས་ཡུན་ཆུ་ཚོད་༢༤ འི་རིང་ ལཱ་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ བཟོ་རིག་གཙོ་འཛིན་གྱིས་ བཤདཔ་ཨིན་པས།

ད་རུང་ ཚལ་གླིང་སྒོར་དང་ མཁོ་ཐག་པའི་གཞུང་ལམ་བདའ་སྟེ་ ས་ཁོངས་མང་རབས་ཅིག་ནང་ ལམ་ཆད་མི་ཚུ་ བསལ་ཡོད་རུང་ ཆརཔ་རྐྱབ་མི་ལུ་བརྟེན་ ས་རུད་ཆད་དོ་ཡོདཔ་ལས་ ལོག་སྟེ་ར་ བསུབས་དོ་ཡོདཔ་ད་ པདྨ་དགའ་ཚལ་དང་ ངང་ལམ་གཞུང་ལམ་བདའ་སྟེ་ ས་ཁོངས་༦ དེ་ཅིག་ནང་ཡང་ ལམ་ཆད་ཡོདཔ་ཨིན་པས།

ངང་ལམ་དང་ པཱན་སྦང་གི་ གཞུང་ལམ་བདའ་སྟེ་ འཁོར་ལམ་བསུབས་མི་དང་ བདེ་བ་ཐང་དང་ བསམ་གྲུབ་ཆོས་གླིང་གི་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༣༠ ལུ་ འཁོར་ལམ་བསུབས་ཡོད་མི་ཚུ་ཡང་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ བསལ་ཡོདཔ་ཨིན་པས།

ཀུན་བཟང་དབང་ཕྱུག་གིས་ དུས་ཚོད་དེམ་ཅིག་ཁར་ འཁོར་ལམ་ཚུ་ ཆད་དོ་ཡོདཔ་ལས་ ཁག་ཆེཝ་མེད་པ་ཅིན་ མི་ཚུ་ འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་བཞིན་དུ་ གལ་སྲིད་ གློ་བུར་དུ་འགྱོ་དགོཔ་ ཐོན་པ་ཅིན་ དང་པ་ར་ འབྲེལ་ཡོད་འགོ་དཔོན་ཚུ་དང་ འབྲེལ་བ་འཐབ་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *