ཀེ་བའི་དོ་ ཕབ་བཙུགས་འབད་མི་ ཀུ་ལི་ཚུ།

བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ལཱ་འབད་མི་ཀུ་ལི་ཚུ་ སེམས་མ་དགའ་བར་ཡོདཔ།

༉ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བའི་དོ་ཕབ་ནི་དང་ བཙུགས་ནིའི་དོན་ལུ་ འཐུས་དངུལ་ཀྲམ་༧ ཐོབ་མི་དེ་ ཕད་ཙེ་༡ ལུ་ ཀེ་ཇི་༥༠ འི་ རྩིས་རྐྱབ་སྟེ་ཨིནམ་ད་ ཀེ་བའི་ཕད་ཙེ་༡ ནང་ ཉུང་ཤོས་ཀེ་ཇི་༦༥ དང་༧༥ གི་བར་ན་ འོང་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ལཱ་འབད་མི་ ཀུ་ལི་ཚུ་ སེམས་མ་དགའ་བར་འདུག།
རྒྱ་གར་བི་ཧར་ལས་ སྐྱེས་ལོ་༦༠ ལང་མི་ ཤིཕ་ཅཱན་ད་ར་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ རིན་བསྡུར་ཁང་ནང་ལྷོད་མི་ ཀེ་བའི་དོ་ཚུ་ ཕབ་ནིའི་དོན་ལུ་ ཀེ་བ་ཕད་ཙེ་༡ ལུ་ དངུལ་ཀྲམ་༡.༥༠ དང་ སྣུམ་འཁོར་ནང་ བཙུགས་ནིའི་དོན་ལུ་ དངུལ་ཀྲམ་༡.༥༠ འབདཝ་ད་ བསྡོམས་དངུལ་ཀྲམ་༣ སྡོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤུལ་ལས་འགོ་དཔོན་ཚུ་གིས་ དེ་གིས་ མི་བཏུབ་པས་ཟེར་མནོ་སྟེ་ དོ་ཕབ་ནིའི་དོན་ལུ་ ཕད་ཙེ་༡ ལུ་ དངུལ་ཀྲམ་༣.༥༠ དང་ བཙུགས་ནིའི་དོན་ལུ་ དངུལ་ཀྲམ་༣.༧༠ འབདཝ་ད་ བསྡོམས་དངུལ་ཀྲམ་༧ ལུ་ ཡར་སེང་འབད་རུང་ ད་རེས་ནངས་པར་ ཅ་ནམ་གྱི་གོང་ཚད་ ཡར་འཕར་འགྱོ་བའི་ནམ་དུས་ལུ་ ལང་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ དངུལ་ཀྲམ་༧ ཐོབ་མི་དེ་ ཀེ་བའི་དོ་ཕབ་ནི་དང་ བཙུགས་ནི་འབདཝ་ད་ ཕད་ཙི་༢ རེ་ འབག་དགོ་པའི་ཁར་ ཕད་ཙི་༡ ནང་ ཀེ་ཇི་༥༠ འི་ རྩིས་རྐྱབ་སྟེ་ཨིནམ་ད་ ད་རེས་ནངས་པར་ ཉུང་ཤོས་ར་ ཕད་ཙི་༡ ནང་ ཀེ་ཇི་༦༥ དང་༧༥ གི་བར་ན་ འོང་དོ་ཡོདཔ་ལས་ གཟུགས་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཀུ་ལིའི་ལྟ་རྟོག་པ་ སྐྱེས་ལོ་༤༥ ལང་མི་ བའིཇ་ནཌ་ པསི་མ་གིས་ སླབ་མིའི་ནང་ རིན་བསྡུར་ཁང་གི་ ལམ་ལུགས་དང་འཁྲིལཝ་ད་ ཀེ་བ་ཕད་ཙི་༡ ནང་ ཀེ་ཇི་༥༠ འོང་དགོ་ནི་ཨིན་རུང་ མི་ཚུ་གིས་ ཀེ་ཇི་ཚད་ལས་བརྒལ་ འབག་འོང་མི་དེ་གིས་ ཀེ་བ་ཚུ་ རུལ་དོ་ཡོདཔ་ལས་ ཇོ་བདག་དང་ ལཱ་འབད་མི་༢ ཆ་ར་ལུ་ རྒུད་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཀུ་ལི་ཚུ་ལུ་ བཟའ་སྤྱོད་ལས་འཛིན་ལས་ ཀེ་ཇི་༥༠ འི་ རྩིས་རྐྱབ་སྟེ་མ་གཏོགས་ འཐོབ་ནི་མེདཔ་བཞིན་དུ་ ཀེ་ཇི་༥༠ ལས་ལྷག་སྟེ་ཡོད་མི་ ཕད་ཙི་ཚུ་ འབག་དགོཔ་ལས་ གཟུགས་ཁམས་ལུ་ གནོད་དོ་ཡོད་མི་ལུ་བརྟེན་ ལས་འཛིན་གྱིས་ དོ་ཕབ་ནི་དང་ བཙུགས་ནིའི་དོན་ལུ་ ཕད་ཙེ་༡ ལུ་ བསྡོམས་དངུལ་ཀྲམ་༡༠ དེ་ཅིག་ལུ་ ཡར་སེང་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་འཕྲལ་ ཉིནམ་༡ ནང་ ཀེ་བ་འབག་འོང་མི་ སྣུམ་འཁོར་ཊག་༥ དང་༩ གི་བར་ན་ ཀེ་བའི་དོ་ཕབ་དོ་ཡོདཔ་བཞིན་དུ་ སྣུམ་འཁོར་བོ་རེ་ལོ་༡༠ དང་༡༥ གི་བར་ན་ དོ་བསྐྱལ་དོ་ཡོདཔ་ལས་ ད་རེས་ བསྡོམས་དངུལ་ཀྲམ་༧ ཐོབ་དོ་ཡོད་མི་དེ་གིས་ དུམ་གྲ་ཅིག་ མི་བཏུབ་པས་ཟེར་ཨིན་པས།
ཉིནམ་༡ ནང་ ཀེ་བ་ཕད་ཙེ་༡,༠༠༠ ལྷགཔ་ཅིག་ ཕབ་བཙུགས་འབད་རུང་ ཉིནམ་༡ ནང་ ཀེ་བ་རིན་བསྡུར་ག་དེམ་ཅིག་ འགྱོཝ་ཨིན་ན་ལུ་ རག་ལས་འོང་ཟེར་ཨིནམ་ད་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༧,༠༠༠ དང་༨,༠༠༠ དེ་ཅིག་ ཐོབ་མི་དེ་གིས་ བཟའ་ཚང་ཚུ་ འཚོ་སྐྱོང་འཐབ་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ རིན་བསྡུར་ཁང་ནང་ ལཱ་འབད་ནིའི་དོན་ལུ་ ཀུ་ལི་༡༨ དེ་ཅིག་ ཐོ་བཀོད་འབད་ཡོད་རུང་ ད་ལྟོ་ ལཱ་འབད་མི་༡༠ ལྷགཔ་ཅིག་ལས་ མེདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཟླཝ་འདི་གི་ སྤྱི་ཚེས་༡ ལས་ ཀེ་བའི་དོ་ཕབ་ནིའི་དོན་ལུ་ ཕད་ཙེ་༡ ལུ་ དངུལ་ཀྲམ་༥ དང་ ལོག་སྣུམ་འཁོར་ནང་ བཙུགས་ནིའི་དོན་ལས་ དངུལ་ཀྲམ་༥ ལུ་ ཡར་སེང་འབད་ཡི་ཟེར་ཨིན་པས།
ཁོ་གིས་ འཐུས་ཡར་སེང་འབད་མི་དེ་ཡང་ གཞན་ཁར་ ཀུ་ལི་ཚུ་ལུ་ ཕད་ཙེ་༡ ལུ་ དངུལ་ཀྲམ་༢༠ དང་༣༠ འི་བར་ན་ ཐོབ་དོ་ཡོདཔ་ལས་ ཡར་སེང་དགོཔ་སྦེ་ སླབ་དོ་ཡོདཔ་མ་ཚད་ ལས་འཛིན་གྱི་ཁ་ཐུག་ལས་ཡང་ ཡར་སེང་མ་འབད་བར་ ལོ་ལེ་ཤ་སོང་ཡོད་མི་དང་འཁྲིལ་ ཁོང་ཆ་ཁྱབ་རིན་བསྡུར་ཁང་ནང་ ལཱ་འབད་ཐབས་ཀྱི་ བློ་སྟོབས་བསྐྱེད་བཅུག་ཐབས་ལུ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *