༉ བསམ་གྲུབ་ལྗོངས་མཁར་གྱིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཡོད་མི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ འཇིགས་མེད་དབང་ཕྱུག་དེ་ ཚོགས་སྡེའི་བཙག་འཐུ་ཐེངས་༣ པའི་ནང་ ད་རུང་ ལོག་སྟེ་ར་ བཙག་འཐུ་གྲུབ་སྟེ་ གནས་ཡུན་༣ པའི་ནང་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཚོགས་རྒྱན་༢ ཆ་རའི་ནང་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ རྫོང་ཁག་ནང་ རྒེད་འོག་༡༡ ཡོད་པའི་གྲས་ལས་ ཧ་ལམ་ འདེམས་ངོ་མེད་པའི་ རྒེད་འོག་ཆ་མཉམ་ལས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་ ཁོ་རའི་ ལའུ་རི་རྒེད་འོག་ནང་ལས་ རྒྱལ་ཁབ་ཐོབ་ཡོདཔ་མ་ཚད་ འདེམས་ངོ་ཡོད་པའི་ མར་ཚ་ལ་རྒེད་འོག་ནང་ལས་ཡང་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཁོ་གིས་ མར་ཚ་ལ་རྒེད་འོག་ནང་ལས་ ཚོགས་རྒྱན་བསྡོམས་༤༦༤ དང་ རྒེད་འོག་ནང་ལས་ཨིན་མི་ འདེམས་ངོ་ཨོ་རྒྱན་རྡོ་རྗེ་གིས་ ཚོགས་རྒྱན་༢༧༢ རྐྱངམ་གཅིག་ཐོབ་ནུག།
ཨིན་རུང་ ཨོ་རོང་རྒེད་འོག་དང་ ཝང་ཕུག་ བདེ་བ་ཐང་ གསེར་ཐིག་ རྒེད་འོག་༤ ནང་ལས་ རང་སོའི་འདེམས་ངོ་ཚུ་ གདམ་ཁ་རྐྱབ་ནུག།
དེ་འབདཝ་ད་ འཇིགས་མེད་དབང་ཕྱུག་གིས་ འདེམས་ངོ་མེད་པའི་ རྒེད་འོག་གཞན་ཆ་མཉམ་ལས་ རྒྱལ་ཁ་ཐོབ་ཡོད་རུང་ ཕུན་ཚོགས་ཐང་དང་ གླང་ཆེན་ཕུག་རྒེད་འོག་༢ ནང་ལས་ ཁྱད་པར་དུམ་གྲ་ཅིག་གིས་ ཕམ་སོ་ནུག།
ཕུན་ཚོགས་ཐང་རྒེད་འོག་ནང་འབད་བ་ཅིན་ ཨོ་རྒྱན་རྡོ་རྗེ་གིས་ ཚོགས་རྒྱན་༦༢ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ རྒེད་འོག་དེ་ནང་ ཨོ་རྒྱན་རྡོ་རྗེ་གིས་ ཚོགས་རྒྱན་བསྡོམས་༤༦༤ དང་ འཇིགས་མེད་དབང་ཕྱུག་གིས་ ༤༠༢ ཐོབ་ཡོདཔ་ད་ དེ་བཟུམ་སྦེ་ གླང་ཆེན་ཕུག་རྒེད་འོག་ནང་ཡང་ ཚེ་དབང་བསྟན་འཛིན་གྱིས་ ཚོགས་རྒྱན་༢ ཀྱིས་ རྒྱལ་ཡོདཔ་བཞིན་དུ་ འཇིགས་མེད་དབང་ཕྱུག་གིས་༡༥༡ དང་ ཚེ་དབང་བསྟན་འཛིན་གྱིས་༡༥༣ ཐོབ་ནུག།
འཇིགས་མེད་དབང་ཕྱུག་ གདམ་ཁ་རྐྱབ་མི་དེ་ཡང་ མི་ཚུ་གིས་ འབྲེལ་བ་འཐབ་ཚུགས་མི་དང་ མི་སེར་ཚུ་ལུ་ཆ་རོགས་འབད་མི་ དེ་ལས་ ངོ་ཤེས་འདྲིས་ཤེས་ཀྱི་ གནད་དོན་ཚུ་ལུ་བརྟེན་ཨིན་པས།
པདྨ་ཐང་རྒེད་འོག་ ཁ་སྨད་ཐང་གཡུས་ཚན་ནང་ལས་ སྐྱེས་ལོ་༦༠ ལང་མི་ མུ་ཀུ་གིས་ སླབ་མིའི་ནང་ ཁོ་གིས་ འཇིགས་མེད་དབང་ཕྱུག་ལུ་ ཚོགས་རྒྱན་བཙུགས་དགོ་མི་དེ་ཡང་ མི་སེར་གྱི་ མཐའ་དོན་ལྟ་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
ལུའི་རི་རྒེད་འོག་ནང་ལས་ ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ འཇིགས་མེད་དབང་ཕྱུག་དེ་ ནམ་དགོ་རུང་ འབྲེལ་བ་འཐབ་ཆོག་ཆོ་དང་ མི་སེར་ཉམ་ཆུང་གི་ མཐའ་དོན་ཧ་གོ་མི་ཅིག་ ཨིན་ཟེར་ཨིན་པས།
འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ཁོང་ལུ་ཕན་ཐོགས་ཤོས་དེ་ གདམ་ཁ་རྐྱབ་ནིའི་དོན་ལུ་ འཛོལ་ནི་མེདཔ་བཞིན་དུ་ ཁོ་ར་ཡང་ ཚོགས་སྡེའི་འཐུས་མི་ ཡུན་རིངམོ་སྦེ་ སྡོད་པའི་རིང་ མི་སེར་ཚུ་དང་གཅིག་ཁར་ ལེགསས་ཤོམ་སྦེ་ འབྲེལ་བ་འཐབ་ནི་དེ་གིས་ རྒྱལ་ཁ་འཐོབ་ཚུགས་པའི་ མནོ་བསམ་སྡོད་ཅི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།