བསམ་གྲུབ་ལྗོངས་མཁར་གྱི་ འདེམས་ངོ་༦ པོ་ གཞུང་འབྲེལ་དུ་ གདམ་འཐུ་ག་ར་ ཆ་འཇོག།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་དོན་ལུ་ འདེམས་ངོའི་ ནན་ཞིབ་གདམ་འཐུ་དེ་ ཁ་ཙ་ མཇུག་བསྡུ་ཡོདཔ་བཞིན་དུ་ གདམ་ངོའི་འཛོམས་འདུ་ནང་ལས་ བཙག་འཐུ་གྲུབ་མི་༦ པོ་ཆ་ར་ བཙག་འཐུའི་ཁྱད་ཚད་དང་ལྡན་མི་ལུ་བརྟེན་ གཞུང་འབྲེལ་དུ་ གདམ་ངོ་སྦེ་ ངོས་ལེན་འབད་ཡི།
ནན་ཞིབ་གདམ་འཐུ་དེ་ཡང་ ངོས་ལེན་འགོ་དཔོན་གྱི་ ཡིག་ཚང་ནང་འབད་ཡོདཔ་ད་ དེ་གི་ཤུལ་ལས་ བཙག་འཐུ་འགོ་དཔོན་ཚུ་གིས་ གདམ་ངོ་ཚུ་ལུ་ བཙག་འཐུའི་ཀུན་སྤྱོན་རྣམ་གཞག་གི་སྐོར་ལས་ གསལ་བཤད་འབད་བའི་ཤུལ་ལས་ གདམ་ངོ་ཚུ་ལུ་ མིང་རྟགས་འདྲ་པར་ བཀྲམ་སྤེལ་འབད་ཡི།
དེ་དང་གཅིག་ཁར་ གདམ་ངོ་ཚུ་གིས་ སྐུལ་བསྒྲགས་མ་དངུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོདཔད་ བཙག་འཐུའི་བྱ་རིམ་དང་འཁྲིལཝ་ད་ མ་དངུལ་དེ་ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ འཐོབ་ཚུགས་པའི་རེ་བ་ཡོདཔ་ཨིན་པས།
བཙག་འཐུའི་ལམ་ལུགས་དང་འཁྲིལཝ་ད་ གདམ་ངོ་ཚུ་གིས་ རང་སོའི་སྐུལ་བསྒྲགས་ཀྱི་ ངེས་མེད་རེའུ་མིག་ཚུ་ ངོས་ལེན་འགོ་དཔོན་གྱིས་ ཆ་འཇོག་འབད་ཐོག་ལས་ སྐུལ་བསྒྲགས་འགོ་བཙུགས་ཆོག་ནི་ཨིནམ་བཞིན་དུ་ གདམ་ངོ་མང་ཤོས་ཅིག་གིས་ ད་རིས་ འགོ་བཙུགས་ནི་ཨིན་པས།
མར་ཚ་ལ་རྒེད་འོག་གི་གདམ་ངོ་ ཨོ་རྒྱན་རྡོ་རྗེ་གིས་འབད་བ་ཅིན་ ཁོ་གིས་ ད་རིས་ ཕུན་ཚོགས་ཐང་རྒེད་འོག་ནང་ལས་ འགོ་བཙུགས་ནི་ཨིནམ་ད་ སྤྱི་ཟླ་༣ པའི་ཚེས་༢༢ ལས་འགོ་བཙུགས་ ལའུ་རི་རྒེད་འོག་ ཟངས་ཐི་སྤྱི་འོག་ནང་ལས་སྦེ་ དུང་མཱན་མ་ དེ་ལས་ མོམ་རིང་དང་ ལའུ་རི་སྤྱི་འོག་ཚུ་ནང་ སྒོ་བཤལ་རྐྱབ་སྟེ་ སྐུལ་བསྒྲགས་འབད་ཞིནམ་ལས་ མཇུག་ར་ རྒེད་འོག་ལྟེ་བའི་ས་ཁོངས་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་སྙོམས་འཛོམས་འདུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ ལྷོད་ཚུགས་པའི་ འཆར་གཞི་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཨོ་རོང་རྒེད་འོག་ལས་ཨིན་མི་ ཚུལ་ཁྲིམས་འབྲུག་དཀར་དང་ གསེར་ཐིག་རྒེད་འོག་ནང་ལས་ཨིན་མི་ ཚེ་དབང་བསྟན་འཛིན་༢ ཀྱིས་ སྒོ་བཤལ་སྐུལ་བསྒྲགས་དེ་ཡང་ ད་རིས་ལས་ གླང་ཅན་ཕུག་རྒེད་འོག་ནང་ལས་སྦེ་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ལའུ་རི་རྒེད་འོག་ནང་ལས་ཨིན་མི་ གདམ་ངོ་འཇིགས་མེད་དབང་ཕྱུག་གིས་འབད་བ་ཅིན་ བདེ་བ་ཐང་ལས་སྦེ་ འགོ་བཙུགས་ནི་ཨིནམ་ད་ ཝང་ཕུག་རྒེད་འོག་ནང་ལས་ཨིན་མི་ སྐལ་བཟང་ཕུན་ཚོགས་ཀྱིས་ ཁོ་རའི་རྒེད་འོག་གི་ ཝང་ཕུག་སྤྱི་འོག་ནང་ལས་སྦེ་ འགོ་བཙུགས་ནི་ཨིན་པས།
ད་ལྟོ་ ཁྲོམ་སྡེ་ནང་ལས་ཨིན་མི་ སངས་རྒྱས་བསྟན་འཛིན་གྱིས་ སྐུལ་བསྒྲགས་ཀྱི་ ངེས་མེད་རེའུ་མིག་དེ་ ངོས་ལེན་འགོ་དཔོན་ཡིག་ཚང་ལུ་ རྩིས་སྤྲོད་འབད་མའི་བསྒང་ཡོདཔ་བཞིན་དུ་ སྐུལ་བསྒྲགས་དེ་ སྤྱི་ཟླ་༣ པའི་ཚེས་༢༣ ལས་རྐྱངམ་གཅིག་ བདེ་བ་ཐང་རྒེད་འོག་ ཆེ་ན་རི་གཡུས་ཚན་ནང་ལས་སྦེ་ འགོ་བཙུགས་ནིའི་ འཆར་གཞི་ཡོདཔ་ཨིན་པས།
རྫོང་ཁག་ནང་ སྤྱིར་སྙོམས་འཛོམས་འདུ་དང་པ་དེ་ སྤྱི་ཟླ་༣ པའི་ཚེས་༢༦ ལུ་ ལའུ་རི་རྒེད་འོག་ནང་ལས་ འགོ་བཙུགས་ནི་ཨིནམ་ད་ མི་མང་རྩོད་བསྡུར་དེ་ སྤྱི་ཟླ་༤ པའི་ཚེས་༦ ལུ་ བསམ་གྲུབ་ལྗོངས་མཁར་ འབྲིང་རིམ་སློབ་གྲྭ་བར་མའི་ སྤྱི་དོན་ཁང་ནང་སྦེ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *