༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ལྟེ་བ་ལུ་སྦེ་ དགོ་དང་མི་དགོའི་ཚོགས་རྒྱན་ བཙུགས་ཐོག་ལས་ རྒེད་འོག་གི་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ རྒེད་འོག་ནང་ལས་ དང་འདོད་ཅན་གྱི་ མི་ངོམ་ཕུད་རྡོག་གཅིག་ལས་བརྒལ་ མེདཔ་ཨིན་པས།
སྐྱེས་ལོ་༣༩ ལང་མི་ ཚུལ་ཁྲིམས་འབྲུག་དཀར་གྱིས་ ཚོགས་རྒྱན་བཙུགས་མི་བསྡོམས་༣༢༩ འོང་མི་ལས་ དགོ་༢༧༠ དང་ མི་དགོ་༥༩ ཐོབ་སྟེ་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།
ཚུལ་ཁྲིམས་འབྲུག་དཀར་དེ་ ཨོ་རོང་རྒེད་འོག་ འུ་གླིང་བཱ་ཙུང་གཡུས་ཚན་ལས་ཨིནམ་ད་ མོ་གིས་ དང་འདོད་ཅན་གྱི་འདེམས་ངོ་སྦེ་ མ་འཐོན་པའི་ཧེ་མར་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ནང་ལས་ མཐོ་རིམ་ཤེས་ཡོན་མཐར་འཁྱོལ་ཡོདཔ་ད་ མོ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ནང་ མི་སྟོབས་འགོ་དཔོན་སྦེ་ ལཱ་འབད་བའི་ཤུལ་ལས་ སྒེར་གྱི་ཚོང་ལཱ་ འབད་སྡོད་ནུག།
རྒེད་འོག་ལྟེ་བ་ལུ་ ཚོགས་རྒྱན་བཙུགས་པར་འོང་མི་ མང་ཤོས་ཅིག་གིས་ ཚོགས་རྒྱན་དེ་ རང་གི་གཡུས་ཁའི་མི་ གདམ་འཐུ་འབད་དགོཔ་ ཁག་ཆེ་བའི་སྐོར་ལས་ བསམ་འཆར་ཚུ་ བཤདཔ་ཨིན་པས།
ཚོགས་རྒྱན་བཙུགས་མི་ རྒས་ཤོས་ཚུ་གི་གྲས་ལས་ གཅིག་ཨིན་མི་ ཨོ་རོང་དུར་ཙུ་ལས་ སྐྱེས་ལོ་༧༢ ལང་མི་ རིག་འཛིན་གྱིས་ སླབ་མིའི་ནང་ རང་གི་རྒེད་འོག་ནང་ལས་ གདམ་ངོ་ཡོད་པ་ཅིན་ རང་ལུ་ སྐྱིད་སྡུག་ག་ཅི་བཟུམ་ཕོག་རུང་ ཐད་ཀར་དུ་ ཞུ་ཚུགས་པའི་ ཕན་ཁྱད་ཡོདཔ་ལས་ ཚོགས་རྒྱན་བཙུགས་པར་ འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ མར་ཚ་ལ་དང་ ཝང་ཕུག་རྒེད་འོག་༢ ནང་ཡང་ གདམ་ངོ་རེ་ལས་བརྒལ་མེདཔ་བཞིན་དུ་ དགོ་དང་མི་དགོའི་ཚོགས་རྒྱན་ བཙུགས་ཐོག་ལས་ བཙག་འཐུ་འབད་བའི་སྐབས་ མི་ངོམ་༢ ཆ་ར་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།
མར་ཚ་ལ་རྒེད་འོག་ནང་འབད་བ་ཅིན་ ཚོགས་རྒྱན་བཙུགས་མི་བསྡོམས་༤༠༤ ཡོད་ས་ལས་ ཨོ་རྒྱན་རྡོ་རྗེ་གིས་ དགོ་༢༨༦ དང་ མི་དགོ་༡༡༨ ཐོབ་ཡོདཔ་ད་ ཁོ་གིས་ མི་ངོམ་སྦེ་ མ་འཐོན་པའི་ཧེ་མར་ བསམ་རྩེ་བསྟན་སྲུང་ཕན་བདེ་ལས་འགུལ་ནང་ བདག་སྐྱོང་དང་མི་སྟོབས་འགོ་དཔོན་སྦེ་ ཕྱག་ཞུ་ནུག།
དེ་བཟུམ་སྦེ་ ཝང་ཕུག་རྒེད་འོག་ལས་ཡང་ སྐྱེས་ལོ་༣༦ ལང་མི་ སྐལ་བཟང་ཕུན་ཚོགས་གིས་ ཚོགས་རྒྱན་བཙུགས་པར་འོང་མི་༣༣༣ ཡོད་ས་ལས་ དགོ་༢༨༥ དང་ མི་དགོ་༤༨ ཐོབ་ཡོདཔ་ད་ ཁོ་གིས་ གདམ་ངོའི་དང་འདོད་ གསལ་བསྒྲགས་མ་འབད་བའི་ཧེ་མ་ སྒེར་སྡེའི་བརྡ་དོན་འཕྲུལ་རིག་ལས་ཁང་ཅིག་ཨིན་མི་ ནིའུ་ཨེཇི་ཊེག་ནོ་ལོ་ཇི་ཟེར་སར་ མི་སྟོབས་དང་བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་ནུག།
མར་ཚ་ལ་རྒེད་འོག་འཛོམས་འདུ་དེ་ སྤྱི་ཟླ་༣ པའི་ཚེས་༥ ལུ་ མཇུག་བསྡུ་ཡོདཔ་ད་ ཝང་ཕུག་ལུ་འབད་བ་ཅིན་ སྤྱི་ཟླ་༣ པའི་ཚེས་༡༡ ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༢༨ ལུ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ གདམ་ངོའི་འཛོམས་འདུ་ འགོ་བཙུགསཔ་དང་འབྲེལ་ ལའུ་རི་རྒེད་འོག་གིས་ ད་ལྟོ་ ཕྱག་ཞུ་བའི་བསྒང་ཨིན་མི་ འཇིགས་མེད་དབང་ཕྱུག་དེ་ རྒེད་འོག་གི་གདམ་ངོ་སྦེ་ བཙག་འཐུ་འབད་ཡི།
རྒེད་འོག་ནང་ དོ་འགྲན་འབད་མི་ མི་ངོམ་༣ ཡོད་ས་ལས་ འཇིགས་མེད་དབང་ཕྱུག་གིས་ ཚོགས་རྒྱན་བསྡོམས་༤༠༤ ཐོབ་སྟེ་ རྒྱལ་ཁ་ཐོབ་ཡོདཔ་ད་ ཁོ་གི་དོ་འགྲན་པ་ སྐྱེས་ལོ་༣༥ ལང་མི་ སློབ་དཔོན་བགྲེསཔ་ འཕྲིན་ལས་རྡོ་རྗེ་གིས་ ཚོགས་རྒྱན་༢༡༩ དང་ སྒེར་སྡེ་ནང་ལཱ་འབད་མི་ སྐྱེས་ལོ་༣༡ ལང་མི་ དབང་འདུས་ཀྱིས་ ཚོགས་རྒྱན་༡༨༤ ཐོབ་ཅི།
གསེར་ཐིག་རྒེད་འོག་ནང་འབད་བ་ཅིན་ མི་ངོམ་༢ ཡོད་ས་ལས་ རྒྱལ་ཡོངས་ཚོགས་སྡེའི་ དྲུང་ཆེན་ཡིག་ཚང་ནང་ ཞིབ་འཚོལ་འགོ་དཔོན་སྦེ་ ལཱ་འབད་མི་ སྐྱེས་ལོ་༣༠ ལང་མི་ དབང་བསྟན་འཛིན་དེ་ ཚོགས་རྒྱན་བསྡོམས་༢༤༧ ཐོབ་སྟེ་ ཚོགས་རྒྱན་༡༦༩ ཐོབ་མི་ ཀརྨ་རྡོ་རྗེ་ཕམ་བཏངམ་ལས་ རྒེད་འོག་གི་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཅི།
སྐྱེས་ལོ་༣༣ ལང་མི་ ཀརྨ་རྡོ་རྗེ་གིས་ མི་ངོམ་སྦེ་ མ་འཐོན་པའི་ཧེ་མར་ ལྟ་བཤལ་ལམ་སྟོན་པ་སྦེ་ ལཱ་འབད་སྡོད་ཡོདཔ་ད་ ཚེ་དབང་བསྟན་འཛིན་དང་ ཀརྨ་རྡོ་རྗེ་༢ ཆ་ར་ མགྲོན་ཕུག་སྤྱི་འོག་ སྡེཔ་གཙང་གཡུས་ཚན་ནང་ལས་ཨིན་པས།
དེ་ལས་ ལའུ་རི་དང་ གསེར་ཐིག་ དེ་ལས་ མར་ཚ་ལ་རྒེད་འོག་༣ ནང་ ལམ་ཐག་རིང་བའི་ཁར་ སའི་ཆགས་ཚུལ་དང་འཁྲིལ་ འཛོམས་འདུ་ཚུ་ ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་ཡོདཔ་ད་ རྒེད་འོག་གཞན་ཚུ་ནང་ རང་སོའི་ རྒེད་འོག་ལྟེ་བ་ནང་སྦེ་ ཉིནམ་རེ་རེ་ནང་ འགོ་འདྲེན་འཐབ་ནུག།
ཁ་ཙ་ཚུན་ རྒེད་འོག་༡༠ གྱི་ གདམ་ངོའི་འཛོམས་བསྡུ་ མཇུག་བསྡུ་ཡོདཔ་བཞིན་དུ་ རྒེད་འོག་༥ གི་ གདམ་ངོ་ཆ་འཇོག་གྲུབ་ཡོདཔ་ད་ གླང་ཆེན་ཕུག་དང་ ཕུན་ཚོགས་ཐང་ པདྨ་ཐང་ སྒོམ་དར་ བདེ་བ་ཐང་ དེ་ལས་ བསམ་རང་རྒེད་༦ ནང་ལས་ མི་ངོམ་མེདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ནང་ ཐོ་བཀོད་ཅན་གྱི་ ཚོགས་རྒྱན་བཙུགས་མི་མཐོ་ཤོས་ ཨོ་རོང་རྒེད་འོག་ནང་༣,༤༢༨ དང་ དེ་གི་ཤུལ་ལས་ སྒོམ་དར་ལུ་༣,༤༡༢ ཡོདཔ་ད་ ཉུང་ཤོས་ར་ བསམ་རང་རྒེད་འོག་ནང་༢༨༩ ཡོདཔ་ཨིན་པས།
ད་རིས་ གདམ་ངོའི་འཛོམས་འདུ་དེ་ བདེ་བ་ཐང་རྒེད་འོག་ནང་ འགོ་འདྲེན་འཐབ་ནི་ཨིནམ་བཞིན་དུ་ རྒེད་འོག་ནང་ མི་ངོམ་མེདཔ་ད་ འཛོམས་འདུ་མཇུག་དེ་ར་ སྤྱི་ཟླ་༣ པའི་ཚེས་༡༥ ལུ་ ཁྲོམ་སྡེའི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།
ཁྲོམ་སྡེ་ནང་ལས་ཡང་ ད་ལྟོ་ཚུན་ མི་ངོམ་ཕུད་རྡོག་༡ གིས་ དང་འདོད་བསྐྱེད་མི་ལུ་ དགོ་དང་མི་དགོའི་ ཚོགས་རྒྱན་བཙུགས་ཐོག་ལས་ གདམ་འཐུ་འབད་ནི་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།