བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ སྡོད་མི་ཚུ་གིས་ ཆུ་རྫིང་ནང་ལས་ ཆུ་བཟེད་འབག་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ འཐུང་ཆུ་མ་ལང་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་གྱི་ ཁྲོམ་བར་དང་སྟོད་ཀྱི་ས་ཁོངས་ཚུ་ནང་ སྡོད་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་ཐོན་ཏེ་ བདུན་ཕྲག་༡ ལྷག་ཡོདཔ་བཞིན་དུ་ མི་ཚུ་གིས་ སྣུམ་འཁོར་བཅོ་ཁང་ཚུ་གི་ ཉེ་འདབས་ལུ་ ཆུ་རྫིང་ཅིག་ཡོད་མི་དེ་ནང་ལས་ ཆུ་དབོག་འབག་སར་ མཐོངམ་ཨིན་པས།
ཁྲོམ་སྟོད་ལུ་སྡོད་མི་ ཀརྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མར་ ཁྲོམ་སྡེ་གིས་ བཀྲམ་སྤེལ་འབད་མི་ འཐུང་ཆུ་དེ་ དུས་ཡུན་ཆུ་ཚོད་༢༤ གི་རིང་ མ་ལྷོད་རུང་ ཉིནམ་༡ དྲོ་པ་དང་ ཕྱི་རུ་འབདཝ་ད་ ཚར་༢ ལྷོད་ནི་ཡོད་རུང་ ད་རེས་ནངས་པར་ དེ་ཡང་ འོང་ནི་མིན་འདུག་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་དང་གནས་ཚང་༢ ཆ་ར་ ཞི་གཡོགཔ་འབདཝ་ལས་ ཕྱི་རུ་ ཆུ་བཟེད་མི་ཚུགས་པས་ཟེར་ཨིནམ་ད་ ཨིན་རུང་ དྲོ་པ་བཟེད་བཞག་མི་དེ་གིས་ ལང་ཚུགས་པས་ཟེར་ཨིནམ་ད་ ཁྲོམ་སྡེ་གིས་ བཀྲམ་སྤེལ་འབད་མི་ཆུ་དེ་ མ་ལྷོད་པར་ བདུན་ཕྲག་༡ ལྷག་སོཔ་ལས་ དཀའ་ངལ་སྦོམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༤༠ ལང་མི་ པདྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ད་རེས་བྱུང་དོ་བཟུམ་མའི་ འཐུང་ཆུའི་དཀའ་ངལ་དེ་ རྩ་ལས་ར་ མ་འཐོན་ཟེར་ཨིནམ་ད་ དཀའ་ངལ་དེ་ གང་མགྱོགས་སེལ་ཐབས་མ་འབད་བ་ཅིན་ ཤུལ་མའི་ཟླཝ་ནང་ལས་ ཨ་ལོ་ཚུ་ སློབ་གྲྭ་ནང་ འགྱོ་བའི་སྐབས་ བཞེས་སྒོ་འབད་ནི་ལུ་ གདོང་ལེན་འབྱུང་ནི་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ལུ་ ཚདཔ་ཚ་བའི་ དུས་ཚོད་འབདཝ་ལས་ ཆུ་མེད་ནི་དེ་གིས་ ཨ་ལོ་ཚུ་གི་ གཟུགས་འཁྱུ་ནི་དང་ གོ་ལ་ཚུ་ཡང་ འཁྱུ་མི་ཚུགས་དོ་ཡོདཔ་ལས་ གཙང་སྦྲ་འཕྲོད་བསྟེན་ཡང་ བཏོན་མ་ཚུགས་མི་ལུ་བརྟེན་ ཁྲོམ་སྡེ་གིས་ དཀའ་ངལ་དེ་ གང་མགྱོགས་བསལ་དགོཔ་ འདུག་ཟེར་ཨིན་པས།
སྒེར་སྡེ་ནང་ ལཱ་འབད་མི་ཅིག་གིས་ སླབ་མིའི་ནང་ ཁོ་སྡོད་སའི་ སྒྲིང་ཁྱིམ་ནང་ ཆུ་མེད་པར་ བདུན་ཕྲག་༡ ལྷག་སོཔ་ལས་ དཀའ་ངལ་ཐོན་ཡོད་རུང་ སྒྲིང་ཁྱིམ་དེ་ནང་ ཁྲིམས་སྲུང་འགག་སྡེའི་འགོ་དཔོན་ཅིག་ཡང་ སྡོད་དོ་ཡོདཔ་ལས་ འགག་སྡེའི་ཊེང་ཀར་སྣུམ་འཁོར་ནང་ འབག་འོང་སྟེ་ ཆུ་མཛོད་ནང་ ཆུ་བླུགས་མི་ལུ་བརྟེན་ དུམ་གྲ་ཅིག་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཁྲོམ་སྡེའི་བཟོ་རིག་འགོ་དཔོན་འོགམ་དང་ འཐུང་ཆུ་སྡེ་ཚན་གྱི་ འགོ་དཔོན་གོངམ་ མ་ནི་ཀུ་མར་རི་ཟཱལ་གྱིས་ སླབ་མིའི་ནང་ ཆརཔ་རྐྱབ་པའི་སྐབས་ ཉིནམ་༡ དང་༢ འཕྲལ་འཕྲལ་བདུན་ཕྲག་༡ དེ་ཅིག་གི་རིང་ བཀྲམ་སྤེལ་འབད་མི་ཚུགས་དོ་ཡོདཔ་བཞིན་དུ་ ཆུ་དུང་ཚུ་ བྱག་གུ་ལས་ འཐེན་བསྐྱལ་ཏེ་ཡོདཔ་ལས་ རྒྱུན་མ་ཆད་པར་ བཀྲམ་སྤེལ་འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཆུ་དུང་འཐེན་མི་ ཀཝ་ཚུ་ཡང་ ལོ་ལེ་ཤ་ལང་ཡོདཔ་ལས་ སྒྲིང་སྒྲི་མེད་ནི་དེ་གིས་ ཆརཔ་རྐྱབ་པའི་སྐབས་ འཕྱགས་བདའ་བའི་ཁར་ ཆུ་དུང་ཚུ་ཡང་ བསུབས་དོ་ཡོདཔ་ལས་ དེ་ཚུ་བསལ་ནིའི་དོན་ལུ་ ཉིནམ་༢ དང་༣ དེ་ཅིག་ འགོར་དོ་ཡོད་རུང་ འཐུང་ཆུའི་དཀའ་ངལ་དེ་ གནམ་བྱཱར་ལུ་རྐྱངམ་གཅིག་ བྱུངམ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་མེད་པར་ དུས་ཡུན་རིངམོ་སྦེ་ར་ ལུས་པ་ཅིན་ སྒོ་བཤལ་རྐྱབ་སྟེ་ བསྐྱལ་མ་ཚུགས་རུང་ ཁྲོམ་སྡེའི་ཆུ་སྐྱེལ་ཊེང་ཀར་༢ ཀྱིས་ སྒྲིང་ཁྱིམ་ཚུ་ནང་ཚུན་བསྐྱལ་ཏེ་ ཆུ་མཛོད་ཡོད་མི་ཚུ་ བཀང་ཞིནམ་ལས་ བཀྲམ་སྤེལ་འབད་བཅུག་དོ་ཡོད་པའི་ཁར་ མེད་མི་ཚུ་ལུ་ ཊེང་ཀར་༢ དུས་ཡུན་ཆུ་ཚོད་༡ དང་༢ དེ་ཅིག་གི་རིང་སྡོད་དེ་ ཆུ་བཟེད་བཅུག་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཆུ་ལེགས་བཅོས་ཁང་ལ་སོགས་པའི་ ལས་འགུལ་ལེ་ཤ་འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ལས་ དེ་ཚུ་ མཇུག་བསྡུ་ཞིནམ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ གཙང་སྦྲ་དང་ལྡན་པའི་ འཐུང་ཆུ་བཀྲམ་སྤེལ་འབད་ཚུགས་ཟེར་ མ་ནི་ཀུ་མར་རི་ཟཱལ་གྱིས་ བཤདཔ་ཨིན་པས།
ཆུ་ཡོད་པའི་སྐབས་ ཨ་རྟག་ར་ དྲོ་པའི་ཆུ་ཚོད་༦ ལས་༨ ཚུན་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ ས་ཁོངས་ག་རའི་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ ཆུ་ཚོད་༢ རེའི་བར་ན་ ཚར་རེ་སྦེ་ ཕྱི་རུའི་ཆུ་ཚོད་༤ ཚུན་ བཀྲམ་སྤེལ་འབད་དོ་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *