བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཟམ་གསརཔ།

བསམ་གྲུབ་ལྗོང་མཁར་གྱི་ཟམ་ འཕྲལ་མགྱོགས་ར་ རྒྱུན་འགྲུལ་འབད་ཚུགས་ནི།

༉ བསམ་གྲུབ་ལྗོངས་མཁར་སློབ་གྲྭ་ཆུང་བའི་ ཉེ་འདབས་ལུ་ཡོད་པའི་ རིང་ཚད་མི་ཊར་༣༡ འབད་མི་ཟམ་དེ་ རྐང་འགྲུལཔ་ཚུ་གི་ཟུར་ལམ་སྦེ་ ལག་ལེན་འཐབ་ནི་ཨིནམ་ལས་ འཁོར་ལམ་བདའ་སྟེ་ འུར་བྱེལ་གྱི་ དཀའ་ངལ་སེལ་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་བཞིན་དུ་ ཟམ་གསརཔ་དེ་ སྤྱི་ཟླ་༦ པའི་ནང་ བསྒྲུབ་དགོཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་གྱི་ལཱ་ ཡུན་འགྱངས་ལུས་མིའི་གནད་དོན་གཙོ་བོ་ར་ གནམ་བྱཱར་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ ཆུ་རུད་ཐོན་མི་གིས་ ཟམ་གྱི་ལྕགས་ཐག་སྤྲིང་ནིའི་ནང་ གདོང་ལེན་བྱུང་ཡོདཔ་ལས་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལྕགས་ཐག་དེ་ དམིགས་བསལ་དུ་ ཟམ་གྱི་དོན་ལུ་སྦེ་ བཟོ་བཀོད་འབད་འབདཝ་ཨིནམ་ད་ ལཱ་ལྷག་ལུས་འབད་དགོཔ་དེ་ མཚོན་གཏང་ནི་དང་ ཕྱགས་བདར་རྐྱབ་ནི་ཚུ་ཡོད་ཟེར་ཨིན་པས།
ཟད་འགྲོ་དངུལ་ཀྲམ་ས་ཡ་༦༤.༣ གནས་པའི་ ཟམ་བཟོ་སྐྲུན་གྱི་ལཱ་དེ་ བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ སྤྲོད་ཡོདཔ་ཨིན་པས།
ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ལུ་ འདི་བཟུམ་གྱི་ཟམ་བཟོ་སྐྲུན་འབད་ནི་དེ་ འགོ་དང་པ་འབདཝ་ལས་ རྫོང་ཁག་འདི་ནང་ གལ་གནད་ཆེ་བའི་ དྲན་རྟགས་ཅིག་ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་ཁ་ཐུག་ལས་ ས་གནས་དེ་ ཁྲོམ་ཚོགས་ལས་ ཐག་རིང་ས་ལུ་ སྡོད་ཉམས་ཆེ་བའི་ ས་གནས་ཅིག་སྦེ་བཟོ་ནི་དང་ ཆུའི་གླིང་ག་ཅིག་ཡང་བཟོ་ནིའི་ འཆར་གཞི་ཡོདཔ་མ་ཚད་ ས་གནས་དེ་ སྤྲོ་ཉམས་དང་ སྤྲོ་སྟོན་གྱི་ས་གནས་ཅིག་སྦེ་ བཟོ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ད་རུང་ ཟམ་གྱི་ཉེ་འདབས་ལུ་ སྒྲིང་ཁྱིམ་དང་ ཆུ་རྩལ་ཁང་ དེ་ལས་ བཟོ་བཀོད་གཞན་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ས་ཆ་ཚུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཟམ་དེ་ལུ་་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ བཀྲིས་བསྒང་དང་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ཡོད་པའི་ ཞིབ་དཔྱད་སྒོ་ར་ཚུན་ ཀི་ལོ་མི་ཊར་༡ དེ་ཅིག་ མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཟམ་དེ་ འཕྲལ་མགྱོགས་ར་ འགོ་འབྱེད་འབད་ནི་ཨིན་རུང་ རྡོ་འབག་མི་སྣུམ་འཁོར་ཆེ་བ་ཊག་ཚུ་ རྒྱུན་འབྲེལ་འབད་མི་ཚུགས་ནི་ཨིནམ་ད་ ཟམ་དེ་གིས་ ལྗིད་ཚད་མེ་ཊིག་ཊོན་༢༠ མ་གཏོགས་ འབག་མ་ཚུགས་པའི་ཁར་ སྤྱི་ཟླ་༡༢ པ་ དེ་ཅིག་ཁར་ རྩི་ས་གི་ཟམ་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ རྒྱུན་ལམ་དེ་ གདུང་བསམ་ཆུ་བདའ་སྟེ་ཨིནམ་ལས་ གདུང་བསམ་ལམ་ཟེར་ཡང་ སླབ་དོ་ཡོད་པའི་ཁར་ ལམ་བདའ་ཁྲོམ་ལམ་གྱི་མེ་ རྐང་ལམ་དང་ གཞི་རྟེན་མཁོ་ཆས་ གཞན་གྱི་མཐུན་རྐྱེན་ཚུ་ཡོདཔ་ལས་ མི་ཚུ་གིས་ རྐང་འགྲུལ་དང་ སྣུམ་འཁོར་༢ ཆ་རའི་ཐོག་ལས་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *