༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཀོའི་པ་ནི་ལུ་ ཚོང་རྐྱབ་སྡོད་མི་ ཚོང་པ་ཚུ་གི་དོན་ལུ་ དྲུང་ཁག་གིས་ ཁྲོམ་གསརཔ་གི་ ས་ཁོངས་ངོས་འཛིན་འབད་ཡོདཔ་བཞིན་དུ་ ད་ལྟོ་ ས་ཁོངས་ཚུ་ ག་དེ་སྦེ་ བགོ་བཀྲམ་འབད་ནི་ཨིན་ནའི་ འཆར་གཞི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།
ཁྲོམ་གསརཔ་གི་དོན་ལུ་ གློག་མེའི་མཐུད་སྦྲེལ་དང་ འཐུང་ཆུ་ལ་སོགས་པའི་ མཐུན་རྐྱེན་ཚུ་ ལྷོད་ཡོདཔ་མ་ཚད་ འཁོར་ལམ་ཚུ་ཡང་ རྩི་ནག་བཏང་ནུག།
དྲུང་པ་བློ་བཟང་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀོའི་པ་ནི་ཁྲོམ་དེ་ རྫོང་ཁག་གི་ ཡན་ལག་ཁྲོམ་སྡེ་ཅིག་འབདཝ་ལས་ ད་ལྟོའི་ས་ཁོངས་ནང་ ཁྲོམ་རྒྱ་བསྐྱེད་འབད་ནིའི་ ས་ཁོངས་མེད་མི་ལུ་བརྟེན་ དྲུང་ཁག་གིས་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་ཡོད་མི་དེ་ རྫོང་ཁག་དང་ ས་འཇལ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ཡང་ བརྟག་ཞིབ་འབད་ཡི་ཟེར་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ ཚོང་པ་ཚུ་གི་ འཐུས་མི་འམ་ འགོ་འཛིན་པ་ལུ་ ཚོང་པ་ག་དེམ་ཅིག་ཡོདཔ་ཨིན་ན་ ཐོ་བཀོད་འབད་ཞིནམ་ལས་ དྲུང་ཁག་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ལས་ ད་ལྟོ་ འགོ་འཛིན་པ་ལས་ ཐོ་བཀོད་སྙན་ཞུ་ མ་ལྷོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྙན་ཞུ་ལྷོད་ཞིནམ་ལས་ ས་ཁོངས་བགོ་བཀྲམ་གྱི་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ བགོ་བཀྲམ་འབད་ནིའི་ ཁྱད་ཚད་ཚུ་བཟོ་སྟེ་ རྫོང་ཁག་ལུ་ ཕུལ་ནི་ཨིནམ་བཞིན་དུ་ རྫོང་ཁག་གིས་ ཞབས་ཏོག་ལྷན་ཁག་ལུ་ ཕུལ་འོང་ཟེར་ཨིན་པས།
ཞབས་ཏོག་ལྷན་ཁག་ལས་ ས་ཁོངས་བགོ་བཀྲམ་གྱི་ གནང་བ་ལྷོད་ཞིནམ་ལས་ དྲུང་ཁག་དང་ ཚོགས་ཆུང་༢ ཀྱིས་ རྫོང་ཁག་དང་ ས་འཇལ་ལྷན་ཚོགས་༢ དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ ཚོང་པ་ཚུ་ལུ་ ཁྱད་ཚད་དང་འཁྲིལ་ བགོ་བཀྲམ་འབད་ནི་ཨིན་པས།
ད་ལྟོ་ ངོས་འཛིན་འབད་མི་ ས་ཁོངས་གསརཔ་གི་ ཉེ་འདབས་ལུ་ ས་ཆ་ཡོད་མི་དང་ ད་ལྟོ་ ཀོའི་པ་ནི་ལུ་ ཚོང་རྐྱབ་སྡོད་མི་ རྫོང་ཁག་གཞན་ཁའི་མི་ཚུ་ལུ་ཡང་ ས་ཆ་བགོ་བཀྲམ་འབད་ནི་ཨེན་ན་མེན་ན་ཚུ་ ཚོགས་ཆུང་གིས་ གྲོས་ཐག་བཅད་འོང་ཟེར་ དྲུང་པ་བློ་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
དྲུང་པ་གིས་ སླབ་མིའི་ནང་ ཁྲོམ་གསརཔ་གི་དོན་ལུ་ གློག་མེའི་མཐུད་སྦྲེལ་འབད་ཡོདཔ་མ་ཚད་ འཐུང་ཆུ་ཡང་ བཏོན་བསྐྱལ་ཡི་ཟེར་ཨིནམ་ད་ ས་ཆ་ཨེ་ཀར་༢༡ ནང་ ཚོང་ཁང་གི་ ས་གོ་༦༣ དེ་ཅིག་ཡོདཔ་བཞིན་དུ་ ད་ལྟོ་ ཀོའི་པ་ནི་ལུ་ ཚོང་པ་༧༠ ལྷགཔ་ཅིག་ ཡོདཔ་ཨིན་པས།
བཀྲིས་སྒང་ལས་ཨིན་མི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ཁོ་ར་ ཀོའི་པ་ནི་ལུ་ ཚོང་རྐྱབ་སྟེ་ ལོ་ངོ་༡༠ ལྷག་ཡོདཔ་ལས་ ད་རེས་ ཁྲོམ་གསརཔ་གི་དོན་ལུ་ ངོས་འཛིན་འབད་མི་ ས་ཁོངས་ནང་ ས་གོ་འཐོབ་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ག་དེམ་ཅིག་སྦེ་ མ་འཐོབ་པ་ཅིན་ བཟའ་ཚང་སྐྱོང་ནི་ལུ་ དཀའ་ངལ་འཐོན་ནི་མས་ཟེར་ཨིན་པས།
ཚོང་པ་གཞན་ཚུ་གིས་ སླབ་མིའི་ནང་ ད་ལྟོའི་ས་ཁོངས་དེ་ གཞུང་ས་འབདཝ་ལས་ འཕྲལ་འཕྲལ་ར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སྤོ་བཤུད་འབད་དགོཔ་སྦེ་ སླབ་དོ་ཡོད་མི་ལུ་བརྟེན་ ད་རེས་ དྲུང་ཁག་གིས་ ཁྲོམ་གྱི་དོན་ལུ་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་ཡོད་མི་དེ་ གནས་ཚུལ་ལེགས་ཤོམ་ཅིག་ཨིནམ་ལས་ ས་གོ་དེ་ གང་མགྱོངས་བགོ་བཀྲམ་འབད་དེ་ ལག་ཁྲམ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།