བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ས་སྣུམ་བཀྲམ་སྤེལ་ཁང་ མེད་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་གྱི་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ སྣུམ་འཁོར་ཚུ་ལུ་ མར་ཁུ་བླུག་ནིའི་དོན་ལས་ ས་སྣུམ་བཀྲམ་སྤེལ་ཁང་ཅིག་མེད་པའི་ དཀའ་ངལ་ཡོད་རུང་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ཅིག་ཁར་ དཀའ་ངལ་དེ་ སེལ་ཚུགས་ནི་ཨིན་པས།
དེ་ཡང་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱིས་ བཀྲམ་སྤེལ་ཁང་གི་དོན་ལུ་ ས་ཁོངས་ངོས་འཛིན་ འབད་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ བཀྲམ་སྤེལ་ཁང་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུགས་ནི་ ཨིན་མི་དེ་གིས་ཨིན་པས།
སྐྱེས་ལོ་༣༡ ལང་མི་ སྣུམ་འཁོར་ཊཱག་གི་དེད་གཡོགཔ་ བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ སྒེར་གྱི་ བཟོ་སྐྲུན་ལས་སྡེ་ཅིག་ནང་ སྣུམ་འཁོར་བཏང་མི་ཅིག་ཨིནམ་ལས་ ཉིནམ་ཨ་རྟག་ར་ རྡོ་དང་ བྱེམ་གྱི་དོ་ཚུ་ བསྐྱལ་དགོ་མི་ལུ་བརྟེན་ འཕྲལ་འཕྲལ་ར་ མར་ཁུ་མ་ལང་པའི་ དཀའ་ངལ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མར་ཁུ་མ་ལང་པའི་སྐབས་ ཆ་རོགས་ཚུ་ལས་བསྐྱི་རུང་ དྲུང་ཁག་ནང་ ས་སྣུམ་བླུག་ས་མེད་པའི་ དཀའ་ངལ་ལུ་བརྟེན་ ག་གིས་ཡང་ བྱིན་མི་བཏུབ་པས་ཟེར་ཨིནམ་ད་ དེ་ཁར་སྡོད་མི་ རེ་གཉིས་ཀྱིས་ ས་སྣུམ་བཙོང་དོ་ཡོད་རུང་ གོང་མཐོ་བའི་ཁར་ འཕྲལ་འཕྲལ་དེ་ནང་ཡང་ མི་འཐོབ་པས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཐུགས་རྟེན་གྱིས་ སླབ་མིའི་ནང་ དྲུང་ཁག་ནང་ སྣུམ་འཁོར་ཚུ་ལུ་ དཀའ་ངལ་གཞན་ཡོད་རུང་ ད་ལྟོ་ ངོ་མ་དེ་ར་ མར་ཁུའི་དཀའ་ངལ་དེ་ཨིནམ་ད་ མར་ཁུ་གཞན་ལས་ བླུག་པའི་སྐབས་ མར་ཁུ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༥ དང་ ལ་ལོ་ཅིག་གིས་ དངུལ་ཀྲམ་༧༠ ལྷག་སྟེ་ སླབ་དོ་ཡོདཔ་ལས་ འབད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲུག་ས་སྣུམ་བཀྲམ་སྤེལ་ལས་འཛིན་གྱིས་ བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ ལོ་༣ དེ་ཅིག་གི་ ཧེ་མ་ལས་ ས་ཁོངས་ངོས་འཛིན་འབད་ཡི་ཟེར་ཨིནམ་ད་ ཨིན་རུང་ ད་ལྟོའི་བར་ན་ཡང་ གཞི་བཙུགས་འབད་ནི་མེདཔ་ལས་ ཧ་གོ་མ་ཚུགས་ཟེར་ཨིན་པས།
མི་ག་ར་གི་སེམས་ཁར་ དྲུང་ཁག་ནང་ སྣུམ་འཁོར་ཚུ་གི་དོན་ལུ་ ས་སྣུམ་གྱི་དཀའ་ངལ་དེ་ ནམ་སེལ་ཚུགས་ག་ཟེར་ མནོ་དོ་ཡོདཔ་ལས་ ལས་འཛིན་གྱིས་ མི་ཚུ་གི་ མཐའ་དོན་ལུ་ལྟ་སྟེ་ བཀྲམ་སྤེལ་ཁང་དེ་ གང་མགྱོགས་གཞི་བཙུགས་འབད་བ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ ཐུགས་རྟེན་གྱིས་ བཤདཔ་ཨིན་པས།
ལས་འཛིན་གྱི་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ འཛིན་སྐྱོང་པ་ དོན་གྲུབ་ཚེ་རིང་གིས་ སླབ་མིའི་ནང་ བཀྲམ་སྤེལ་ཁང་ གཞི་བཙུགས་འབད་ནིའི་དོན་ལུ་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ རྒྱ་གར་ས་སྣུམ་འཁོར་བཀྲམ་སྤེལ་ལས་འཛིན་གྱི་ འགོ་དཔོན་ཚུ་ཁྱིད་དེ་ ས་ཁོངས་བརྟག་དཔྱད་འབད་བར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཞི་བཙུགས་འབད་མ་ཚུགས་མི་དེ་ མི་ཚུ་གིས་ ས་གོ་བྱིན་མ་བཏུབ་པའི་ དཀའ་ངལ་ཐོན་མི་ལུ་བརྟེན་ཨིན་རུང་ ད་རེས་ གཙང་ཆུ་ཐང་ལུ་སྦེ་ ས་ཆ་ཌི་སི་༥༠ འབད་མི་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་ཡོད་པའི་ཁར་ ཁྲམ་ཚུ་ཡང་ ལྷོད་དེ་ཡོདཔ་ལས་ རྒྱ་གར་གྱི་ འགོ་དཔོན་ཚུ་དང་གཅིག་ཁར་ ཡིག་ཐོག་གི་ལཱ་ཚུ་ འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འཛིན་གྱི་ ལམ་ལུགས་དང་འཁྲིལཝ་ད་ ཀི་ལོ་མི་ཊར་༡༠༠ གི་བར་ན་ བཀྲམ་སྤེལ་ཁང་རེའི་ ཐོབ་ལམ་ཡོད་རུང་ རྒྱ་གར་གྱི་ ལས་འཛིན་དང་ རང་བཞིན་གནས་སྟངས་ཀྱི་ ལམ་ལུགས་དང་འཁྲིལ་བ་ཅིན་ ཡིག་ཚང་༡ དང་ མེ་རླུང་གེསི་གི་མཛོད་ཁང་༡ དེ་ལས་ ཀེ་ནོ་པི་ཡང་ རྐྱབ་དགོཔ་སྦེ་ འདུག་ཟེར་ཨིན་པས།
ས་སྣུམ་བཀྲམ་སྤེལ་ཁང་ གཞི་བཙུགས་འབད་དགོ་པ་ཅིན་ སྣུམ་འཁོར་༡༠༠ ལས་ལྷག་སྟེ་ འོང་ཟེར་ཨིན་རུང་ ལས་འཛིན་གྱིས་ ཁེ་སང་ལུ་མ་ལྟ་བར་ མི་སེར་ཚུ་གི་ ཞབས་ཏོག་ལུ་ གཙོ་བོ་བཏོན་དོ་ཟེར་ཨིནམ་ད་ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ བཀྲམ་སྤེལ་ཁང་དང་གཅིག་ཁར་ གེསི་གི་ ཞབས་ཏོག་ཡང་ འཐོབ་ཚུགསཔ་སྦེ་ བཟོ་ནི་ཟེར་ཨིན་པས།
ལས་འཛིན་གྱིས་ འཆར་གཞི་ལེགས་ཤོམ་སྦེ་ འགྱོ་བཏུབ་པ་ཅིན་ སྤྱི་ལོ་༢༠༡༧ མཇུག་བསྡུཝ་ད་ པདྨ་དགའ་ཚལ་དང་ བསམ་གྲུབ་ཆོས་གླིང་ དེ་ལས་ བཀྲིས་གཡང་རྩེ་དོག་གསུམ་དང་ ལྷུན་རྩེ་ཨའུ་མཚོ་གི་ ས་ཁོངས་ཚུ་ནང་ཡང་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ད་ ཤར་ཕྱོགས་རྫོང་ཁག་ནང་ ལས་འཛིན་གྱི་ བཀྲམ་སྤེལ་ཁང་༡༢ ཡོདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ལྗིད་ཚད་འཐུ་ནིའི་ནང་ བཅའ་མར་གཏོགས་མི་གངམ་མེདཔ།

༉ འབྲུག་ཨོ་ལིམ་པིག་ཚོགས་པ་གིས་ ལྗིད་ཚད་འཐུ་ནི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༧ ལས་ འགོ་བཙུགས་ཡོད་རུང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་བརྒལ་ མི་འཐོན་དོ་ཡོདཔ་ཨིན་པས། ལྗིད་ཚད་འཐུ་ནིའི་ སློབ་སྟོན་པ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ བཅའ་མར་གཏོགས་མི་ …

Leave a Reply

Your email address will not be published. Required fields are marked *