བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ གཞི་རྟེན་སྨན་ཁང་།

བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ གཞི་རྟེན་སྨན་ཁང་ནང་ ཨཱལ་ཊ་ས་འུནཌ་དང་ གློག་པར་བཏབ་ནིའི་ ཞབས་ཏོག་མེད་པའི་དཀའ་ངལ།

༉ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ གཞི་རྟེན་སྨན་ཁང་ནང་ ཉིན་བསྟར་བཞིན་དུ་ ཨཱལ་ཊ་ས་འུནཌ་དང་ གློག་པར་བཏབ་མིའི་ ནདཔ་གི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ སྨན་ཁང་དེ་ནང་ ཞབས་ཏོག་དེ་༢ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།
ཌོག་ཊར་ཨྱོན་འཕྲིན་ལས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞི་རྟེན་སྨན་ཁང་དེ་ དྲུང་ཁག་འོག་གི་ རྒེད་འོག་༤ གི་ སྨན་ཁང་ཚུ་གི་དོན་ལུ་ སྨན་ཁང་ལྟེ་བ་བཟུམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིནམ་ད་ རྒེད་འོག་༤ གི་ སྨན་ཁང་ནང་ སྨན་བཅོས་འབད་དེ་ དྲག་མ་ཚུགས་མི་ཚུ་ག་ར་ དྲུང་ཁག་གི་ སྨན་ཁང་ནང་ འོང་དོ་ཟེར་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ སྤྱིར་བཏང་ནད་གཞི་ཚུ་ལུ་ཡང་ ཨཱལ་ཊ་ས་འུནཌ་དང་ གློག་པར་གྱི་ ཞབས་ཏོག་དགོཔ་ ཐོན་དོ་ཡོད་རུང་ ལྷག་པར་དུ་ ད་རེས་ནངས་པར་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ ལེ་ཤ་འོང་དོ་ཡོདཔ་ལས་ སྨན་ཁང་ནང་ ཞབས་ཏོག་དེ་མེདཔ་ལས་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ནང་ གཏང་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ ཨ་ལོ་མ་སྐྱེ་བའི་ཧེ་མར་ ཨཱལ་ཊ་ས་འུནཌ་ཚར་༢ དེ་ཅིག་ རྐྱབ་དགོཔ་ད་ ག་དེམ་ཅིག་སྦེ་ གནས་སྟངས་དེ་ སྐྱོ་དྲགས་ཅིག་སྦེ་ ཡོད་པ་ཅིན་ བདུན་ཕྲག་རེའི་བར་ན་ ཚར་རེ་རྐྱབ་དགོ་ནི་ཨིན་རུང་ ཞབས་ཏོག་དེ་མེདཔ་ལས་ སྤྲོད་མི་ཚུགས་པས་ཟེར་ཨིན་པས།
ནདཔ་ཚུ་ ཨཱལ་ཊ་ས་འུནཌ་དང་ གློག་པར་གྱི་དོན་ལུ་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ཚུ་ནང་ གཏང་པའི་སྐབས་ ལ་ལོ་ཅིག་གིས་ ཟད་འགྲོ་གཏང་ཚུགས་དོ་ཡོད་རུང་ མང་ཤོས་ར་ མི་སེར་ཉམ་ཆུང་འབད་མི་ལུ་བརྟེན་ ཟད་འགྲོ་གཏང་མ་ཚུགསཔ་ལས་ ཞབས་ཏོག་དེ་ ལེན་མ་ཚུགས་པར་ ལུསཔ་མས་ཟེར་ཨིན་པས།
ཌོག་ཊར་གྱིས་ སླབ་མིའི་ནང་ ཨམ་སྲུ་ཚུ་ལུ་ ཨ་ལོ་མ་སྐྱེ་བའི་ཧེ་མར་ སྐྱེ་མའི་གཅེས་སྐྱོང་ བྱིན་དགོ་ཟེར་ཨིནམ་ད་ ཨམ་སྲུ་མང་ཤོས་ཅིག་གིས་ གཅེས་སྐྱོང་དེ་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་ ཤེས་རྟོགས་མེདཔ་ལས་ མི་འོང་དོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ འོང་མི་ཡོད་རུང་ ཞབས་ཏོག་མེདཔ་ལས་ སྤྲོད་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨཱལ་ཊ་ས་འུནཌ་དང་ གློག་པར་གྱི་ ཞབས་ཏོག་ལྷོད་རུང་ ཁང་མིག་ཅིག་མེད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ གནད་དོན་དེ་ ཕུན་ཚོགས་ཐང་རྒེད་འོག་ཚོགས་སྡེའི་སྐབས་ སྙན་ཞུ་འབད་ཡོདཔ་ལས་ རྒེད་འོག་༤ གི་རྒཔོ་ཚུ་ གྲོས་བསྟུན་འབད་ནི་སྦེ་ སླབ་ཡོདཔ་མ་ཚད་ སྔོན་རྩིས་ཀྱི་ སྙན་ཞུ་ཚུ་ཡང་ རྫོང་ཁག་ནང་ ཕུལ་ཡི་ཟེར་ཨིན་པས།
གཡུས་མི་བཀྲིས་དབང་མོ་གིས་ སླབ་མིའི་ནང་ སྨན་ཁང་དེ་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ཨཱལ་ཊ་ས་འུནཌ་རྐྱབ་དགོཔ་དང་ གློག་པར་བཏབ་དགོཔ་འཐོནམ་ད་ སྨན་ཁང་ནང་ ཞབས་ཏོག་དེ་མེདཔ་ལས་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་དགོཔ་འཐོན་པའི་སྐབས་ ཟད་འགྲོ་གཏང་མ་ཚུགས་པའི་ དཀའ་ངལ་དང་ ག་དེམ་ཅིག་སྦེ་ འགྱོ་ཚུགས་རུང་ འཁོར་ལམ་གྱི་ གནས་སྟངས་ལེགས་ཤོམ་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མི་སེར་ཚུ་གི་ མཐའ་དོན་ལུ་གཟིགས་ཏེ་ སྨན་ཁང་ནང་ ཞབས་ཏོག་དེ་ཚུ་ བཙུགས་དགོཔ་དང་ ཡང་ཅིན་ བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་དེ་ ཉམས་བཅོས་འབད་དེ་ གནས་སྟངས་ལེགས་ཤོམ་ བཟོ་དགོཔ་འདུག་ཟེར་ཨིན་པས།
གནས་ཚུལ་བསད་མི་ཅིག་གིས་ སླབ་མིའི་ནང་ དྲུང་ཁག་ནང་སྡོད་མི་ཚུ་ ཉམ་ཆུང་ཨིན་པའི་ཁར་ དྲུང་ཁག་གི་ སྨན་ཁང་ནང་ ཞབས་ཏོག་དེ་ཚུ་མེདཔ་ལས་ དཀའ་ངལ་ཡོད་རུང་ རྩིས་ལོ་༢༠༡༧-༢༠༡༨ ཀྱི་ འཆར་ལོ་ནང་ ཞབས་ཏོག་དེ་ཚུ་ གཞི་བཙུགས་འབད་ནི་སྦེ་ ཚུད་ཡོདཔ་བཞིན་དུ་ ད་ལྟོ་ ལཱ་ཚུ་འབད་བའི་བསྒང་ཡོདཔ་ལས་ འཕྲལ་མགྱོགས་ར་ གཞི་བཙུགས་འབད་ནི་ ཨིན་མི་ལུ་བརྟེན་ དཀའ་ངལ་དེ་ སེལ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *