བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་གི་གཞུང་ལམ།

བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་གི་ གཞུང་ལམ་གནས་སྟངས་ སྐྱོ་དྲགས་ཐལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་གི་ གཞུང་ལམ་གནས་སྟངས་དེ་ སོ་ནམ་ཞིང་ལམ་ལས་ཡང་ སྐྱོ་དྲགས་ཐལ་ནུག་ཟེར་ དུས་རྒྱུན་དུ་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ བཤདཔ་ཨིན་པས།
གཞུང་ལམ་དེ་གིས་ བདེ་བ་ཐང་བརྒྱུད་དེ་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་༢ མཐུད་སྦྲེལ་འབདཝ་ཨིན་པས།
སྣུམ་འཁོར་ཊཱག་གི་དེད་གཡོགཔ་ བསོད་ནམས་བཟང་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ ཧག་ཀ་ཧོག་ཀ་ཐོན་ཡོད་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་འདུག་ཟེར་ཨིནམ་ད་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་ཚུ་ཚར་རུང་ འཁོར་ལམ་ཕྱེད་ཀ་དེ་ཅིག་ རྩི་ནག་མ་གཏང་པར་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་ར་ བསམ་རང་ཁ་ཐུག་ལས་ རྡོ་སོལ་སྐྱེལ་འདྲེན་འབད་ར་ འགྱོ་དོ་ཟེར་ཨིནམ་ད་ གཞུང་ལམ་དེ་ཁར་ལས་ ཊཱག་ཚུ་ཡང་ རྒྱུན་འགྲུལ་འཐབ་ནི་ལུ་ གདོང་ལེན་འབྱུང་དོ་ཡོདཔ་ལས་ སྣུམ་འཁོར་ཆུང་ཀུ་ཚུ་འབད་བ་ཅིན་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒེད་འོག་ དུང་དཀར་གླིང་ལས་ སྐྱེས་ལོ་༤༢ ལང་མི་ པདྨ་བཀྲིས་ཀྱིས་ སླབ་མིའི་ནང་ འཁོར་ལམ་དེ་ གཞུང་ལུ་ རྒྱ་སྐྱེད་འབད་དེ་ ལོ་དག་པ་ཅིག་ལང་རུང་ ད་ལྟོ་ཡང་ འཁོར་ལམ་གྱི་ གནས་སྟངས་དེ་ སོ་ནམ་ཞིང་ལམ་ཡང་ སྐྱོ་དྲགས་ཡར་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་འཕྲལ་གློ་བུར་གྱི་ ལཱ་རེ་འཐོན་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་དགོཔ་འཐོན་པའི་སྐབས་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་གི་ རྒྱུན་འགྲུལ་དེ་ ད་རེས་ ཆུ་ཚོད་༥ ལྷགཔ་ཅིག་ འགྲོ་འགྲུལ་འབད་དགོ་པའི་ དཀའ་ངལ་ཡོདཔ་མ་ཚད་ སྣུམ་འཁོར་ཚུ་ཡང་ མེདཔ་ཐལཝ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ ནདཔ་ལཱ་ཁག་ཡོད་མི་དང་ ཨམ་སྲུ་ཨ་ལོ་སྐྱེ་ནི་ཡོད་མི་ཚུ་ བདེ་བ་ཐང་དང་ བསམ་གྲུབ་ལྗོངས་མཁར་སྨན་ཁང་ཚུ་ནང་ འབག་དགོཔ་འཐོན་པའི་སྐབས་ འཁོར་ལམ་གྱི་ གནས་སྟངས་ལེགས་མེད་མི་ལུ་བརྟེན་ ལམ་ཁར་ ཤི་རྐྱེན་འབྱུང་ནི་ལ་སོགས་པའི་ ཉེན་ཁ་ཚུ་ འདུག་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་ལམ་གྱི་ གནས་སྟངས་ལུ་བརྟེན་ སྣུམ་འཁོར་ཚུ་གིས་ འགྱོ་མ་བཏུབ་པའི་ཁར་ འགྱོ་བཏུབ་མི་ལ་ལོ་ཅིག་གིས་ འཐུས་ལེ་ཤ་ལེན་དོ་ཡོད་པའི་ དཀའ་ངལ་ཚུ་ཡོདཔ་ལས་ ལམ་སེལ་ལས་ཁུངས་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཕྲལ་མགྱོགས་ར་ རྩི་ནག་གཏང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ གཞུང་ལམ་དེ་ ཉམས་བཅོས་འབད་ཐོག་ལས་ རྩི་ནག་གཏང་དགོཔ་ ཡོད་ཟེར་ཨིནམ་ད་ ཀི་ལོ་མི་ཊར་༦༧ འབད་མི་ གཞུང་ལམ་དེ་ རྩི་ནག་མ་གཏང་པར་ ཀི་ལོ་མི་ཊར་༢༢ དེ་ཅིག་ལུས་ཏེ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུས་ཅི་གི་ལོ་ནང་ ད་རུང་ གེར་ཝ་ལས་ གཞུང་ལམ་ཀི་ལོ་མི་ཊར་༣ རྩི་ནག་གཏང་ནིའི་དོན་ལུ་ རིན་བསྡུར་འབད་ཚར་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ མ་དངུལ་དངུལ་ཀྲམ་ ས་ཡ་༧.༥ དེ་ཅིག་ཡོད་ཟེར་ཨིནམ་ད་ ལྷག་ལུས་གཞུང་ལམ་དེ་ འཆར་གཞི་༡༢ པའི་ནང་ གཏང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་དེ་ཁར་ལས་ རྡོ་སོལ་སྐྱེལ་འདྲེན་འབད་མི་ ཊཱག་ལེ་ཤ་རྒྱུན་འགྲུལ་འཐབ་དོ་ཡོདཔ་ལས་ རྩི་ནག་མི་ལི་མི་ཊར་༢༥ བཏང་མི་དེ་གིས་ ཡུན་བརྟན་མི་སྡོད་ཡོད་མི་ལུ་བརྟེན་ རྩི་ནག་མི་ལི་མི་ཊར་༥༠ གཏང་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ ཉམས་བཅོས་ཀྱི་ ལཱ་ཚུ་ཡང་ དུས་དང་དུས་ལུ་ འབད་དོ་ཡོད་ཟེར་ཨིན་པས།
ད་རེས་ བསམ་གྲུབ་ཆོས་གླིང་དྲུང་ཁག་འོག་གི་ རྒེད་འོག་༤ གི་ མི་སེར་ཚུ་གིས་ གཞུང་ལམ་གྱི་ གནས་སྟངས་ལེགས་ཤོམ་ འགྱོ་ཚུགས་པའི་ རེ་བ་བསྐྱེད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ འགོ་འདྲེན་འཐབ་མི་ ཇོ་མོ་གཙང་ཁ་-མར་ཚ་ལ་འདེམས་ཁོངས་ཀྱི་ སྤྱིར་སྙོམས་འཛོམས་འདུའི་སྐབས་ འབྲུག་ཕུན་སུམ་ཚོགས་པ་དང་ འབྲུག་མཉམ་རུབ་ཚོགས་པའི་ འདེམས་ངོ་༢ ཆ་ར་གིས་ གཞུང་ལམ་ཉམས་བཅོས་འབད་ནིའི་ ཁས་བླངས་འབད་མི་ལུ་བརྟེན་ཨིན་པས།
འདེམས་ངོ་༢ ཀྱིས་ འཛོམས་འདུའི་སྐབས་ སླབ་མིའི་ནང་ བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་གི་ གཞུང་ལམ་གྱི་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་ ཐལ་ཡོདཔ་ལས་ ཉམས་བཅོས་འབད་དེ་ རྩི་ནག་གཏང་ནི་དང་ བསམ་གྲུབ་ཆོས་གླིང་དང་ བསམ་རང་བར་ནའི་ འཁོར་ལམ་དེ་ཡང་ རྩི་ནག་གཏང་ནི་ཨིནམ་བཞིན་དུ་ བསམ་རང་དང་ ཇོ་མོ་གཙང་ཁའི་ འཁོར་ལམ་གྱི་ ལཱ་ཚུ་ཡང་ འཕྲོ་མཐུད་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *