༉ དུས་རྒྱུན་དུ་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ གཞུང་ལམ་དེ་གིས་ དྲུང་ཁག་དང་ བདེ་བ་ཐང་༢ མཐུད་སྦྲེལ་འབད་དོ་ཡོད་རུང་ ད་རེས་ནངས་པར་ གནས་སྟངས་སྐྱོ་དྲགས་ཡོདཔ་ལས་ རྒྱུན་འགྲུལ་འཐབ་ནི་ལུ་ དཀའ་ངལ་འདུག་ཟེར་ སླབ་ཨིན་པས།
གཞུང་ལམ་བདའ་སྟེ་ མི་ཊར་༡ དེ་ཅིག་གི་བར་ན་ ཧོག་ཀ་ཐོན་ཡོད་པའི་ཁར་ ཉམས་བཅོས་ཀྱི་ལཱ་ཚུ་ ཡུན་འགྱངས་སྦེ་ ལུས་ཡོད་མི་དེ་གིས་ ལམ་གྱི་གནས་སྟངས་ ཧེང་སྐལ་ར་ སྐྱོ་དྲགས་བཟོ་དོ་ཡོད་རུང་ ད་རེས་ནངས་པར་ བདེ་བ་ཐང་ལས་ དྲུང་ཁག་ཁ་ཐུག་ལུ་ ཧོག་ཀོ་ཚུ་བསུབས་སར་ མཐོངམ་མས།
རྒྱུན་འགྲུལ་འཐབ་མི་དང་ ས་གནས་ཁར་ སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ལོ་ཚུ་ནང་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་མི་ ཡར་སེང་སོང་སྟེ་ ཡོདཔ་བཞིན་དུ་ ལམ་དེ་ རྒྱ་ཆུང་ཀུ་སྦེ་ར་ཡོདཔ་ལས་ གཞུང་ལམ་དེ་ རྒྱ་བསྐྱེད་འབད་དེ་ ཉམས་བཅོས་འབད་དགོཔ་ཅིག་ ཨིན་ཟེར་ཨིན་པས།
སྣུམ་འཁོར་ཊཱག་གི་དེད་གཡོགཔ་ ཐུགས་རྟེན་བཀྲིས་ཀྱིས་ སླབ་མིའི་ནང་ ཁོ་ར་ མར་ཚ་ལུ་ ཁག་འབག་གི་དོན་ལུ་ སྣུམ་འཁོར་བཏང་མི་ཅིག་ཨིནམ་ལས་ འཕྲལ་འཕྲལ་ར་ བསམ་གྲུབ་ལྗོངས་མཁར་ལུ་ རྩི་ས་ལ་སོགས་པ་ཚུ་ ལེན་པར་འགྱོ་དགོ་དོ་ཡོད་མི་ལུ་བརྟེན་ ལམ་གྱི་གནས་སྟངས་ སྐྱོ་དྲགས་ཡོད་མི་དེ་གིས་ སྣུམ་འཁོར་སྦོམ་འབད་རུང་ ལཱ་ཁག་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཟླ་བ་དང་ཆ་རོགས་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་བདའ་སྟེ་ ཧོག་ཀ་ལེ་ཤ་ཐོན་ཡོད་མི་དེ་གིས་ སྣུམ་འཁོར་ཆུང་ཀུ་ཚུ་ བརྡུང་དོ་ཡོད་མི་ལུ་བརྟེན་ དཀའ་ངལ་འདུག་ཟེར་ཨིན་རུང་ ཐབས་མེད་པར་ རྒྱུན་འགྲུལ་དགོཔ་ལས་ ལམ་དེ་ རྒྱ་བསྐྱེད་འབད་མ་ཚུགས་རུང་ ཉམས་བཅོས་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གནད་དོན་དེ་ སྤྱི་ལོ་༢༠༡༥ ལུ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ བསམ་གྲུབ་ཆོས་གླིང་ནང་ གཟིགས་སྐོར་བྱོན་པའི་སྐབས་ དེ་ཁའི་མི་སེར་དང་ དེད་གཡོགཔ་ཚུ་གིས་ སྙན་ཞུ་འབད་ཡོདཔ་ལས་ བློན་ཆེན་གྱིས་ གནད་དོན་དེ་ལུ་ བརྟག་ཞིབ་འབད་དགོཔ་མ་ཚད་ ལུང་ཕྱོགས་ལམ་སེལ་ལས་ཁུངས་དང་གཅིག་ཁར་ གྲོས་བསྟུན་འབད་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་པས།
པདྨ་གླིང་རྒེད་འོག་གི་རྒཔོ་ མ་དུ་ཀར་ སུབ་བྷ་གིས་ སླབ་མིའི་ནང་ བདེ་བ་ཐང་ལས་ མར་ཏང་ཚུན་ ཉམས་བཅོས་འབད་ཡོདཔ་ལས་ གནས་སྟངས་ལེགས་ཤོམ་ཡོད་རུང་ མར་ཏང་ལས་ དྲུང་ཁག་ཚུན་ རྒྱ་བསྐྱེད་འབད་ཚར་བའི་ཤུལ་ལུ་ རྩི་ནག་མ་བཏང་པར་ བཞག་སྟེ་ཡོདཔ་ལས་ སྐྱོ་དྲགས་ཡར་སོ་ནུག་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ གློ་བུར་དུ་ ཁག་ཆེ་བའི་ ལཱ་ཚུ་ཐོན་སྟེ་ རྫོང་ཁག་ནང་ འགྱོ་དགོཔ་འཐོནམ་ད་ ལམ་གྱི་གནས་སྟངས་ ལེགས་ཤོམ་མེད་མི་དེ་གིས་ དུས་ཚོད་ཁར་ ལྷོད་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ལམ་གྱི་གནས་སྟངས་ ལེགས་ཤོམ་དགོཔ་དེ་ ངེས་པར་དུ་ ཁག་ཆེ་བས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ སྤྱི་ལོ་༢༠༡༥ གི་ རྫོང་ཁག་ཚོགས་འདུའི་ནང་ གསུང་གྲོས་གནང་ཡི་ཟེར་ཨིནམ་ དེ་བསྒང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ གོ་རིམ་གྱི་ཐོག་ལས་ ཉམས་བཅོས་འབད་ནི་སྦེ་ སླབ་དེས་ཟེར་ཨིན་རུང་ མ་དངུལ་མེདཔ་ལས་ དུས་ཚོད་འགོར་འོང་ཟེར་ སླབ་དེས་ཟེར་ཨིན་པས།
མི་སེར་ཚུ་གིས་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ གཞུང་ལམ་གྱི་ གནས་སྟངས་ལུ་ ཚ་གྱང་མི་འབག་དོ་འོང་ནི་མས་ཟེར་ སླབ་དོ་ཡོད་མི་ལུ་བརྟེན་ ཧེ་མ་ཡང་ རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནང་ཡོད་རུང་ དྲུང་ཁག་འོག་གི་ རྒེད་འོག་༤ གི་རྒཔོ་ཚུ་ གྲོས་བསྟུན་འབད་དེ་ ད་རུང་ ཚོགས་འདུ་ནང་ བཙུགས་ནིའི་འཆར་གཞི་ཡོད་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ འཇིགས་མེད་ཆོས་གྲགས་ཀྱིས་ སླབ་མིའི་ནང་ གཞུང་ལམ་ཉམས་བཅོས་ཀྱི་དོན་ལུ་ ཞབས་ཏོག་ལྷན་ཁག་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༡༥ ཐོབ་སྟེ་ཡོདཔ་ལས་ ལཱ་དེ་ གནམ་བྱཱར་གྱི་ ཆརཔ་དེ་ཆདཔ་ཅིག་ འགོ་བཙུགས་ནི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྩི་ནག་རྐྱངམ་གཅིག་ གཏང་པ་ཅིན་ མ་དངུལ་དེ་གིས་ ཀི་ལོ་མི་ཊར་༡༠ དེ་ཅིག་ལུ་ ལང་ཚུགས་ནི་ཨིན་རུང་ གཞུང་ལམ་བདའ་སྟེ་ རྡོ་སོལ་འབག་མི་དང་ ས་གཏེར་གྱི་ ལཱ་འབད་མི་ སྣུམ་འཁོར་ཊག་ཚུ་ རྒྱུན་འགྲུལ་འཐབ་མི་དེ་གིས་ ཧེ་མར་ རྩི་ནག་མི་ལི་མི་ཊར་༢༥ བཏང་མི་དེ་ མེདཔ་བཏང་ཡོདཔ་ལས་ ད་ལས་ཕར་ རྩི་ནག་མི་ལི་མི་ཊར་༥༠ གཏང་ནི་ཨིན་མི་ལུ་བརྟེན་ མ་དངུལ་དེ་ ཀི་ལོ་མི་ཊར་༥ རྐྱངམ་གཅིག་ལུ་ ལང་ནི་མས་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ བདེ་བ་ཐང་ལས་ དྲུང་ཁག་ཁ་ཐུག་ གཞུང་ལམ་ཀི་ལོ་མི་ཊར་༢༣ དེ་ཅིག་ རྩི་ནག་བཏང་ཚར་ཡི་ཟེར་ ཨིནམ་བཞིན་དུ་ ད་རུང་ ཀི་ལོ་མི་ཊར་༥ དེ་ཅིག་ རྩི་ནག་གཏང་པའི་བསྒང་ལས་ བསྡོམས་ཀི་ལོ་མི་ཊར་༢༨ དེ་ཅིག་ གཏང་ཚར་ནི་ཨིནམ་མ་ཚད་ ཧོག་ཀ་ཐོན་ཡོད་མི་ བསུབས་ཏེ་ར་ཡོདཔ་ལས་ ད་རེས་ནངས་པར་ ཧོག་ཀ་དེ་ཅིག་ མེད་ཟེར་ཨིན་པས།
འཇིགས་མེད་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཧེ་མར་ དྲུང་ཁག་ལས་ བདེ་བ་ཐང་ཁ་ཐུག་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ རྩི་ནག་གཏང་ནིའི་ དམིགས་གཏད་མ་བསྐྱེད་མི་དེ་ཡང་ རྒྱ་བསྐྱེད་འབད་མི་དང་གཅིག་ཁར་ རྩི་ནག་གཏང་སྟེ་ར་ འབག་མི་དེ་གིས་ གྲུབ་འབྲས་ལེགས་ཤོམ་ མི་འཐོན་དོ་ཡོད་མི་ལུ་བརྟེན་ཨིན་རུང་ ད་རེས་ གཡུར་བ་བཟོ་ནི་དང་ རྩི་ནག་གཏང་ནིའི་ ལཱ་རྐྱངམ་གཅིག་ ཡོད་ཟེར་ཨིན་པས།
ཀི་ལོ་མི་ཊར་༦༧ དེ་ཅིག་ཡོད་མི་ བསམ་གྲུབ་ལྗོངས་མཁར་དང་ བསམ་གྲུབ་ཆོས་གླིང་གི་ གཞུང་ལམ་བདའ་སྟེ་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་ཆེ་བ་དང་ཆུང་ཀུ་༡༠༠ ལྷགཔ་ཅིག་ རྒྱུན་འགྲུལ་འཐབ་དོ་ཡོད་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།