སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ ལྕགས་ཟམ་པཱམ་སྤྱི་འོག་ནང་ གདམ་ངོའི་འཛོམས་འདུ་ འགོ་འདྲེན་འཐབ་པའི་སྐབས་ བཙག་འཐུ་འགོ་དཔོན་ཚུ་གིས་ ཚོགས་རྒྱན་འཕྲུལ་ཆས་ཀྱི་ ཁྱད་ཆོས་ག་ཅི་ར་ཡོདཔ་ཨིན་ན་ འགྲེམ་སྟོན་འབད་བའི་བསྒང་།

བསམ་ཁར་རྒཔོ་གི་དོན་ལུ་ མཐོ་རིམ་ཤེས་ཚད་ཡོད་མི་༢ ཀྱིས་ དོ་འགྲན་འབད་ནི།

༉ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ བཀྲིས་སྒང་བསམ་ཁར་རྒེད་འོག་ནང་ རྒཔོ་གི་ དུས་མིན་བཙག་འཐུའི་སྐབས་ མཐོ་རིམ་ཤེས་ཚད་ཡོད་མི་ འཇམ་དབྱངས་དང་ བསོད་ནམས་བཟང་པོ་གཉིས་ཀྱིས་ དོ་འགྲན་འབད་ནི་ཨིན་པས།

དུས་མིན་བཙག་འཐུ་དེ་ཡང་ དུས་ཅི་ སྤྱི་ཟླ་༩ པའི་ནང་ རྒེད་འོག་གི་ རྒཔོ་བགྲེསཔ་དེ་ ཚེ་ལས་འདས་སོང་མི་ལུ་བརྟེན་ འགོ་འདྲེན་འཐབ་ཨིན་པས།

སྤྱི་ཟླ་༡༡ པའི་ཚེས་༡༣ ལུ་ ལྕགས་ཟམ་པཱམ་སྤྱི་འོག་ནང་ གདམ་ངོའི་འཛོམས་འདུ་སྐབས་ འཇམ་དབྱངས་ཀྱིས་ དགོ་ཟེར་བའི་ཚོགས་རྒྱན་༧༠ དང་ མི་དགོ་གི་ ཚོགས་རྒྱན་༢ ཐོབ་སྟེ་ སྤྱི་འོག་ལས་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ནུག།

དེ་ལས་ དོམ་མཁར་སྤྱི་འོག་ནང་ བསོད་ནམས་བཟང་པོ་གི་ དགོ་གི་ཚོགས་རྒྱན་༡༤༨ དང་ མི་དགོ་གི་ ཚོགས་རྒྱན་༣༢ ཐོབ་སྟེ་ གདམ་ངོ་སྦེ་ བཙག་འཐུ་གྲུབ་ཡོདཔ་ད་ འཇམ་དབྱངས་ཀྱིས་ རྒྱ་གར་བྱང་བེང་གཱལ་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ནང་ ཚོང་འབྲེལ་བཀོད་ཁྱབ་སྦེ་ ལཱ་འབད་ཡོདཔ་ཨིན་པས།

དུས་ཅི་སྤྱི་ཟླ་༤ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་མི་ འདེམས་ངོ་༧ ཡོད་མི་ལས་ སྐྱེས་ལོ་༣༡ ལངམ་མི་ འཇམ་དབྱངས་ཀྱིས་ བསམ་མཁར་རྒེད་འོག་ལས་ དོ་འགྲན་འབད་ཡོདཔ་ཨིན་པས།

ཁོ་གིས་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༢,༣༨༥ ཐོབ་ཡོདཔ་ལས་ དོ་འགྲན་པ་གཞན་ཚུ་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་པའི་ཁར་ འགྲེམ་ཐོག་ཚོགས་རྒྱན་བརྩིསཝ་ད་ ཚོགས་རྒྱན་བསྡོམས་༣,༩༧༤ ཐོབ་སྟེ་ཨང་གཉིས་པ་ཐོན་ནུག།

ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུའི་སྐབས་ ཁོ་རའི་རྒེད་འོག་ནང་ལས་ རྒྱབ་སྐྱོར་རྒྱ་ཆེཝ་སྦེ་ ཐོབ་མི་དེ་ ཆུད་ཟད་མ་བཏང་པར་ ད་རིས་ རྒཔོ་གི་བཙག་འཐུ་ནང་ དོ་འགྲན་འབད་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ཚུན་ལོ་ངོ་༢༠ དེ་ཅིག་གི་རིང་ལུ་ ལྕགས་ཟམ་པཱམ་སྤྱི་འོག་ནང་ལས་ རྒཔོ་འབད་མི་ ཕུད་རྡོགགཅིག་ཡང་མེད་ཟེར་ཨིན་པས།

མི་རློབས་ལས་འབད་བ་ཅིན་ ཁབ་སྟོད་དང་ སྦིས་མཁར་དང་ཕྱདཔ་ ཉུང་སུ་ཡོདཔ་ལས་ དོ་འགྲན་མི་ཚུགས་ནི་ཨིན་རུང་ མི་སེར་ལས་ ང་ལུ་ རྒྱབ་སྐྱོར་དང་ བློ་གཏད་ཡོད་མི་ལུ་བརྟེན་ མ་འོངས་པ་ལུ་ སྤྲོ་པ་ཡོད་མི་ འདེམས་ངོ་གཞན་ཚུ་ པཱམ་སྤྱི་འོག་ལས་འཐོན་ནིའི་དོན་ལུ་ སེམས་ཤུགས་བསྐྱེད་ཐབས་ལུ་ ཁྱུན་ལམ་ཅིག་ བཟོ་དོ་ཟེར་ འཇམ་དབྱངས་ཀྱིས་ བཤདཔ་ཨིན་པས།

བསོད་ནམས་བཟང་པོ་གིས་འབད་བ་ཅིན་ དུས་མིན་བཙག་འཐུ་ནང་ དོ་འགྲན་འབད་དགོ་མི་དེ་ར་ གཡུས་ཁའི་་མི་སེར་ཚུ་དང་གཅིག་ཁར་ ལཱ་འབད་ནིའི་ སྤྲོ་བ་ཡོད་པའི་ཁར་ མི་སེར་ཚུ་གི་ རྒྱབ་སྐྱོར་ལུ་བརྟེན་ཨིན་ཟེར་ཨིན་མས།

སྐྱེས་ལོ་༣༧ ལང་མི་ བསོད་ནམས་བཟང་པོ་གིས་ རྒྱ་གར་ཤི་ལོང་ལས་ དཔལ་འབྱོར་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ད་ ཁོ་ར་ གཡུས་སྦིས་མཁར་ལུ་ མ་འོང་པའི་ ལོ་༨ དེ་ཅིག་གི་ཧེ་མར་ ཐིམ་ཕུག་ལུ་ སྒེར་གྱི་ཚོང་སྡེ་ཅིག་ནང་ ལཱ་འབད་ཡོདཔ་ཨིན་པས།

ང་གཡུས་ཁ་ལུ་ འོང་པའི་ཤུལ་ལུ་ མི་སེར་ཚུ་དང་ འབྲེལ་བ་འཐབ་སྟེ་ ལཱ་གཅིག་ཁར་ འབད་དེ་སྡོད་ཡོདཔ་ལས་ རྒཔོ་གི་ བཙག་འཐུ་ནང་ དོ་འགྲན་འབད་ཟེར་ སེམས་ཤུགས་བསྐྱེད་མི་ མི་སེར་ཚུ་ཨིན་ཟེར་ བསོད་ནམས་བཟང་པོ་གིས་ བཤད་པའི་ཁར་ མཐོ་རིམ་ཤེས་ཡོན་ཡོད་མི་ ན་གཞོན་ཚུ་ ས་གནས་གཞུང་གི་ བཙག་འཐུ་ནང་ བཅའ་མར་གཏོགས་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ནི་གི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།

བསམ་མཁར་རྒེད་འོག་ནང་ སྤྱི་འོག་དྲུག་ཡོད་མི་ལས་༢ རྐྱངམ་གཅིག་ གདམ་ངོའི་མིང་ཐོ་ཐོབ་ཡོདཔ་ད་ བཙག་འཐུའི་སྒྲིག་གཞི་དང་འཁྲིལཝ་ད་ བཙག་འཐུ་འགོ་དཔོན་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༡༢ ལུ་ ཀ་སྤང་-ཡི་ནང་གྲང་ས་དང་ རང་གཤིས་མཁར་-གསེར་གྲང་སྤྱི་འོག་གཉིས་ལས་ གདམ་ངོ་མེདཔ་སྦེ་ གསལ་བསྒྲགས་འབད་ནུག།

བཙག་འཐུའི་བཅའ་ཁྲིམས་ཀྱི་ དོན་ཚན་༥༧༩ པ་དང་འཁྲིལཝ་དང་ དུས་མིན་བཙག་འཐུ་དེ་ ས་སྟོང་ཐོན་པའི་ཉིནམ་ལས་འགོ་བཙུགས་ སྤྱི་ཚོགས་ཀྱི་དོན་ལུ་འབད་བ་ཅིན་ ཉིན་གྲངས་༩༠ གི་ནང་འཁོད་ལུ་དང་ ས་གནས་གཞུང་གི་དོན་ལུ་འབད་བ་ཅིན་ ཉིན་གྲངས་༣༠ གི་ནང་འཁོད་ལུ་ འགོ་འདྲེན་འཐབ་དགོཔ་ཨིན་པས།

ཨིན་རུང་ འདས་པའི་ཟླཝ་ནང་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ལུ་བརྟེན་ དུས་མིན་བཙག་འཐུ་དེ་ དུས་ཡུན་ཉིན་གྲངས་༣༠ ནང་འཁོད་ལུ་ འགོ་འདྲེན་འཐབ་མ་ཚུགས་པས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ རྒྱལ་ཡོངས་ཚོགས་འདུའི་བཙག་འཐུའི་ ཉོགས་མེད་ཞུ་ཡིག་བཙུགས་ནི་གི་ དུས་ཚོད་ཚང་པའི་ཤུལ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ བཀྲིས་སྒང་བཙག་འཐུ་ཡིག་ཚང་ལུ་ དུས་མིན་བཙག་འཐུ་ འགོ་འདྲེན་འཐབ་དགོ་པའི་  བརྡ་བསྐུལ་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ རྣམ་རྒྱལ་དབང་མོ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *