ལྷུན་རྩེ་ལུ་སྤོས་བཟོ་ཁང་ཅིག་གིས་བཟོ་བའི་བདུག་སྤོས།

བསང་རྫས་དང་ བདུག་སྤོས་ཚུ་ ག་ཅི་སྦེ་ ལག་ལེན་འཐབ་ཨིན་ན?

ནང་པ་སངས་རྒྱས་ཀྱི་ ཆོས་ལུགས་དར་སར་ ལྷ་ཁང་དགོན་སྡེ་དང་ རྫོང་གཞིས་ ཐ་ན་ རང་སོའི་ཁྱིམ་ཚུ་ནང་ དུས་རྒྱུན་དུ་ བསང་དང་སྤོས་ཀྱི་ མཆོད་པ་ཕུལ་སྲོལ་ཡོདཔ་བཞིན་དུ་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ བསང་རྫས་དང་ བདུག་སྤོས་ལག་ལེན་འཐབ་ནི་དེ་ ལམ་སྲོལ་གྱི་ ཆ་རྐྱེན་གཙོ་བོ་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན།

དེ་འབདཝ་ལས་ ལྷ་ཁང་དགོན་སྡེ་ཚུ་ནང་རྐྱངམ་གཅིག་གིས་མ་དོ་བར་ འབྲུག་པའི་ཁྱིམ་མང་ཤོས་ཅིག་ནང་ར་ བསང་མཆོད་དང་ དུས་རྒྱུན་གྱི་ གསོལ་མཆོད་ཚུ་གི་སྐབས་ བསང་དང་སྤོས་དེ་ཚུ་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་ཨིན་མས།

ནང་པའི་ལུགས་ཀྱི་ བསང་ལག་ལེན་དང་ ལམ་སྲོལ་དེ་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པའི་སྐབས་ལུ་ འགོ་བཙུགས་པའི་ཤུལ་ལས་ ནང་པའི་ཆོས་ རྒྱ་གར་ལས་སྦེ་ བོད་དང་ འབྲུག་ལུ་དར་བའི་ དུས་མཉམ་ལུ་ བསང་གི་མཆོད་པ་ འགོ་བཙུགས་ཡོདཔ་སྦེ་ ལ་ལོ་གིས་ བཤད་སྲོལ་འདུག།

བསང་དང་སྤོས་ཀྱི་ མཆོད་པའི་ཁུངས་དང་ དགོས་པ་ཚུ་མདོ་ཕལ་པོ་ཆེ་བའི་ནང་ གསུངས་ཡོད་མི་དང་འཁྲིལཝ་ད་ ཡར་དཀོན་མཆོག་ལུ་ མཆོད་པའི་དབྱེ་བ་ མེ་ཏོག་དང་ མར་མེ་ བདུག་སྤོས་ཚུ་ ཡོད་མིའི་ནང་ལས་ བདུག་སྤོས་ལས་བྱུང་བའི་ དྲི་ཞིམ་སྤོས་ཀྱི་ བདུག་པ་སྣ་ཚོགས་ཀྱིས་ ཞིང་ཁམས་ག་ར་ལུ་ཁྱབ་སྟེ་ བདག་ཉིད་ཆེན་པོ་ རྒྱལ་བ་སྲས་དང་བཅས་པ་ག་ར་ལུ་ སྟབས་གཅིག་ཁར་ མཆོད་པ་ཕུལ་ཚུགས་པའི་ མཆོད་རྫས་ཁྱད་པར་ཅན་ཅིག་ཨིན་པས།

མཆོད་ཡོན་དེ་ མགྲོན་༤ ཆ་མཉམ་ལུ་ཁྱབ་པའི་ མཆོད་ཡོན་ཨིན་མི་དེ་ཡང་ དཀོན་མཆོག་སྲི་ཞུའི་མགྲོན་ སངས་རྒྱས་ཆོས་དང་ དགེ་འདུན་ཚུ་ལུ་ ཕུལ་རུང་བའི་ མཆོད་ཡོན་ཅིག་ཨིནམ་མ་ཚད་ དེ་ལས་ མགོན་པོ་ཡོན་ཏན་གྱི་མགྲོན་ བཀའ་སྲུང་དམ་ཅན་རྒྱ་མཚོ་ འཁོར་དང་བཅས་པ་ཚུ་ལུ་ ཕུལ་ནི་དང་ འགྲོ་དྲུག་སྙིང་རྗེའི་མགྲོན་ཟེར་ འགྲོ་དྲུག་གི་སེམས་ཅན་ ག་ཅི་ལུ་འབད་རུང་ བསང་དང་གསུར་གྱི་ འདོད་པ་འཚིམ་ཚུགས་པའི་ཁར་ གདོན་བགེགས་ལན་ཆགས་ཀྱི་མགྲོན་ཟེར་ མིག་གིས་མ་མཐོང་བའི་ དྲི་བཟའི་གདོན་བགེགས་ཚུ་ལུ་ དྲིའི་རྫས་ཀྱི་ སྦྱིན་པ་བཏང་སྟེ་ གནོད་པ་དང་འཚེ་བ་ཚུ་ ཞི་ཚུགས་པའི་ ཕན་ཡོན་ཡོདཔ་ཨིན་པས།

སྤོས་དེ་ བསང་གི་རིགས་ལས་ བསང་རྫས་སྣ་ཚོགས་བསྡུ་ཞིནམ་ལས་ ཕྱེ་འཐག་སྟེ་ དུམ་རིལ་ཆུང་ཀུ་བཟོ་ཞིནམ་ལས་ མེ་བཏེག་སྟེ་ བསང་གཏང་ཆོག་ཆོ་བཟོ་ཡོད་མི་ལུ་ གོཝ་ཨིན་རུང་ དོན་མཐར་ཐུག་ལུ་ལྷོདཔ་ད་ བསང་ར་ཨིན་ཟེར་ ལོ་ངོ་དག་པ་ཅིག་གི་ཧེ་མ་ དྲི་བ་དྲིས་ལན་སྐབས་ ཐིམ་ཕུག་ལུ་ སྤོ་བཟོ་ཁང་ འགོ་བཙུགས་མི་ཅིག་ཨིན་མི་ གནག་མདོག་གིས་བཤད་ནུག།

བསང་གི་དབྱེ་བ་ལུ་ གསང་སྔགས་བསྟན་པའི་ ལག་ལེན་ཅིག་ཨིནམ་ལས་ བྱ་རྒྱུད་དང་ སྤྱོད་རྒྱུད་ཟེར་༢ ཡོདཔ་ད་ དེ་གཉིས་ལས་ བྱ་རྒྱུད་དེ་ཡང་ ཤ་ཆང་དང་འབྲེལ་བའི་ ཟས་རིགས་ག་ནི་ཡང་མེདཔ་སྦེ་ བཟོ་དོ་ཡོདཔ་ད་ བསང་དང་སྤོས་དེ་ཚུ་ སྒྲིབ་བསང་དང་ ཀླུ་བསང་ རི་བོ་བསང་མཆོད་ཚུ་ ག་ཅིའི་དོན་ལུ་ཡང་ ལག་ལེན་འཐབ་བཏུབ་ཨིན་པས།

དེ་འབདཝ་ད་ སྤྱོད་རྒྱུད་དེ་ནང་ ཤ་ཆང་གི་རྫས་སྣ་ཚུ་ ལག་ལེན་འཐབ་དོ་ཡོདཔ་ལས་ སྒྲོལ་ཆོག་ལ་སོགས་པའི་ དཀར་ཆོག་གི་རིགས་ཚུ་གི་སྐབས་ ལག་ལེན་འཐབ་མ་བཏུབ་པའི་ཁར་ ཀླུ་མཆོད་ནི་དང་ ཀླུ་བསང་དང་ སྒྲིབ་བསང་ཚུ་གི་དོན་ལུ་ ལག་ལེན་འཐབ་མ་བཏུབ་ཨིན་རུང་ ལོ་མཆོད་ལ་སོགས་པའི་ དྲག་པོའི་ཆོ་ག་དང་ ཆོས་སྲུང་ཚུ་བཏངམ་ད་ སྤོས་དང་བསང་དེ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་ཨིན་པས།

ཆོས་དང་འབྲེལ་བའི་ བསང་གི་ལག་ལེན་ཡང་ རྒྱལ་བ་སྲས་དང་བཅས་པ་མཆོད་དེ་ བསོད་ནམས་བསག་ནི་དང་ སྐྱེས་ལྷ་ཡུལ་ཚུ་ལུ་ བསང་གི་མཆོད་པ་ཕུལ་བ་ལུ་བརྟེན་ ལྷ་ཚུ་ཐུགས་མཉེས་ཏེ་ ཆར་ཆུ་དུས་སུ་འབབ་ ལོ་ཐོག་རྟག་ཏུ་ལེགས་ དེ་ལས་ བསང་གསུར་ཆོ་གའི་ བྱིན་གྱིས་རླབས་ཏེ་ སྒྲིབ་ལུ་བརྟེན་པའི་ ནད་རིགས་དྲག་ཐབས་འབད་ནི་དང་ ཀླུ་མཆོད་དང་ ཀླུའི་གནོད་པ་ལུ་བརྟེན་པའི་ རྨ་ནད་ཚུ་ དྲག་ཐབས་ཀྱི་དོན་ལུ་ ལག་ལེན་འཐབ་ཨིན་པས།

དེ་བཟུམ་སྦེ་ བསང་དང་སྤོས་ཕུལ་སྲོལ་གྱི་ ལམ་ལུགས་དེ་ ནང་པ་ཆོས་ཀྱི་ སྲོལ་ཡོད་མི་ རྒྱ་ནག་དང་ རྒྱ་གར་ ཇ་པཱན་ལ་སོགས་པའི་ རྒྱལ་ཁབ་ཚུ་ནང་ཡང་ བསང་དང་སྤོས་ཀྱི་རིགས་ ཧ་ལམ་གཅིག་མཚུངས་ཡོདཔ་མ་ཚད་ གཞན་ཕྱི་ནང་གི་ཆོས་ལུགས་ ག་ཅིའི་ནང་ཡང་ བསང་དང་སྤོས་ ལག་ལེན་ལམ་སྲོལ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *