སྣུམ་འཁོར་གྱི་རྒྱབ་ཁར་ བཙུགས་འབག་སྟེ་བཙོང་མི་ བཞེས་སྒོའི་རིགས་ཚུ།

བཤལ་ཚོང་འཐབ་མི་ཚུ་གིས་ ལྗགས་ལུང་གནང་སར་ གཙང་སྦྲ་མེད་པའི་བཞེས་སྒོའི་རིགས་ ཚོང་འབྲེལ་འཐབ་དོ་ཡོདཔ།

༉ ཐིམ་ཕུག་ ཀུན་གསལ་ཕོ་བྲང་ནང་ ད་ལྟོ་སྐྱབས་རྗེ་རྗེ་མཁན་མཆོག་གིས་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་གནང་སར་ བཤལ་ཚོང་རྐྱབ་མི་ཚུ་གིས་ ཟ་འཐུང་གི་རིགས་ བཙོང་དོ་ཡོདཔ་ལས་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་གིས་ བཞེས་སྒོ་ཚུ་ བརྟག་དཔྱད་འབད་བའི་སྐབས་ གཙང་སྦྲ་དང་མ་ལྡན་པའི་ ངོས་འཛིན་བྱུང་ནུག།

དེ་ཡང་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༦ ལུ་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་ཚུ་ནང་ བཤལ་ཚོང་པ་ཚུ་གིས་ འབག་འོང་མིའི་ བཞེས་སྒོའི་རིགས་ཚུ་ འཕྱོག་བཟུང་འབད་ཐོག་ལས་ བཞེས་སྒོའི་དཔེ་ཚད་ཚུ་ ལྟེ་བའི་ནང་ བཏང་སྟེ་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ ལྟེ་བ་གིས་ བཞེས་སྒོའི་རིགས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་མེད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

ལྟེ་བ་གིས་ བཞེས་སྒོའི་རིགས་ ཐུགཔ་དང་ ཨེ་མ་རྔོ་རྔོཝ་ ཤ་བག་ལེབ་ མོ་མོ་ དེ་ལས་ རྡོག་མ་ཚུ་བརྩིས་ཏེ་ དཔེ་ཚད་༥ བརྟག་དཔྱད་འབད་ཡོདཔ་ཨིན་པས།

ཐིམ་ཕུག་རྫོང་ཁག་གི་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་འགོ་དཔོན་གོངམ་ དཀར་གླིང་རྡོ་རྗེ་གིས་ སླབ་མིའི་ནང་ སྤྱིར་བཏང་ ས་ཁོངས་ནང་ བཞེས་སྒོའི་རིགས་བཙོང་མ་ཆོགཔ་སྦེ་ ལྗགས་ལུང་ཚོགས་ཆུང་འགོ་འདྲེན་པ་གིས་ མི་མང་ལུ་ གསལ་བསྒྲགས་འབད་ཡོད་རུང་ མི་ཚུ་གིས་ འདི་ལུ་ཆ་གནས་མ་འབད་བར་ བཙོང་པར་འོངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དབང་འཛིན་གྱི་ འགན་འཁྲི་དེ་ མི་མང་སྤུངས་འཛོམས་འབད་སར་ བཞེས་སྒོ་ཉེན་སྲུང་དང་ལྡནམ་སྦེ་ཡོད་མེད་ ལྟ་རྟོག་འབད་ནི་དེ་ཨིནམ་ལས་ ལྗགས་ལུང་གནང་ནི་ འགོ་བཙུགས་པའི་ཉིནམ་ལས་ར་ བཞེས་སྒོ་ཚུ་ བརྟག་དཔྱད་འབད་ཡི་ཟེར་ཨིན་པས།

བཤལ་ཚོང་པའི་ བཞེས་སྒོ་ཚུ་ ཐེངས་དང་པ་ ཐད་ཀར་དུ་ འཕྱོགས་བཟུང་འབདཝ་མེན་པར་ ཉེན་བརྡ་དང་ ལམ་ལུགས་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ཚུ་འབད་ཡི་ཟེར་ཨིན་པས།

དཀར་གླིང་རྡོ་རྗེ་གིས་ འབད་བ་ཅིན་ ས་ཁོངས་དེ་ནང་ མི་ལེ་ཤ་ སྤུངས་འཛོམས་འབད་མི་ལུ་བརྟེན་ ཐལཝ་ལོང་དོ་ཡོདཔ་ལས་ བཞེས་སྒོ་བཙོང་ནི་དེ་ གནས་སྟངས་ལེགས་ཤོམ་ཅིག་ མ་མཐོང་ཟེར་ཨིན་པས།

མི་ཚུ་གིས་ གཙང་སྦྲ་མེད་པའི་ བཞེས་སྒོ་ཟ་བའི་སྐབས་ དེ་འཕྲོ་ལས་མ་ན་རུང་ མ་འོངས་པར་ འགྲོས་ཀྱིས་འབད་ ན་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ བཤལ་ཚོང་པའི་ བཞེས་སྒོ་ཉོ་ཟ་ནི་ལས་ འཛེམ་གནང་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ དྲོ་པའི་ཆུ་ཚོད་༩ ལས་ ཕྱི་རུ་ལྗགས་ལུང་མ་གྲོལ་ཚུན་ ལྟ་རྟོག་འབདཝ་ཨིན་རུང་ ད་རེས་ནངས་པར་ གནམ་དགུན་ཐོན་མི་ལུ་བརྟེན་ བཤལ་ཚོང་པ་ཚུ་གིས་ བཞེས་སྒོའི་རིགས་ཚུ་ དྲོ་པ་ཆུ་ཚོད་༣ དེ་ཅིག་ལས་ ས་གནས་ཁར་འོང་སྟེ་ བཙོང་དོ་ཡོད་པའི་སྐོར་ལས་ ཉོགས་བཤད་ལྷོད་ཅི་ཟེར་ཨིན་པས།

དེ་འབདཝ་ལས་ མི་མང་གསོ་བའི་ལས་ཁུངས་དང་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་ དེ་ལས་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བ་ མཉམ་རུབ་ཐོག་ལས་ དྲོ་པའི་ཆུ་ཚོད་༣ ལས་འགོ་བཙུགས་ ཕྱི་རུ་ལྗགས་ལུང་མ་གྲོལ་ཚུན་ དམ་དམ་སྦེ་ར་ ཞིབ་དཔྱད་འབད་དོ་ཟེར་ཨིན་པས།

དབང་འཛིན་འགོ་དཔོན་གྱིས་ བཤད་མིའི་ནང་ ད་ཚུན་ ཀུན་གསལ་ཕོ་བྲང་གི་ ས་ཁོངས་ནང་ལས་ བཤལ་ཚོང་རྐྱབ་མི་༡༣ འཛིན་བཟུང་འབད་དེ་ ཉེས་བྱ་དངུལ་ཀྲམ་བཀལ་ཡི་ཟེར་ཨིན་པས།

དཀར་གླིང་རྡོ་རྗེ་གིས་ སླབ་མིའི་ནང་ བཀའ་འགྱུར་ལྗགས་ལུང་གནང་སར་ བཞེས་སྒོའི་གཙང་སྦྲ་འཕྲོད་བསྟེན་སྐོར་ལས་ ཉིན་བསྟར་བཞིན་དུ་ ལྟ་རྟོག་འབད་ཐོག་ལས་ ཉེན་སྲུང་དང་ གཙང་སྦྲ་དང་ལྡནམ་སྦེ་ དྲང་དོ་ཟེར་ཨིན་པས།

དབང་འཛིན་གྱིས་ བཤལ་ཚོང་པ་ཚུ་ལས་ འཐུང་ཆུ་གྱིབ་དམ་༡༥༨ དང་ རྡོ་མ་ཤོག་སྒམ་༢༡༥ ཨེ་མ་སྔོ་སྔོཝ་༡༠༠ སྒོང་རྡོག་བཙོ་བཙོཝ་༢༠ ཚུ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།

བཞེས་སྒོ་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ ཟ་ནི་དེ་ མི་མང་ག་ར་གི་ འགན་ཁུར་ཨིནམ་ལས་ གལ་སྲིད་ བཤལ་ཚོང་པ་ཚུ་གིས་ བཞེས་སྒོ་ བཙོང་སར་མཐོང་པ་ཅིན་ དབང་འཛིན་གྱི་ བརྒྱུད་འཕྲིན་ཨང་གྲངས་༡༥༥ ཐོག་ལུ་ སྙན་ཞུ་འབད་གནང་ཟེར་ དབང་འཛིན་གྱི་ འགོ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *