༉ ཁ་ཙ་ ཐིམ་ཕུག་ལུ་ བརྡ་བརྒྱུདཔ་ཚུ་གིས་ འཛམ་གླིང་བརྡ་བརྒྱུད་དལ་དབང་གི་ ཉིནམ་བརྩི་སྲུང་དང་འབྲེལ་ འབྲུག་གི་ བརྡ་བརྒྱུདཔ་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཁྱད་འཕགས་ཅན་སྦེ་ བརྡ་སྤེལ་བའི་ དུས་སྟོན་ཡང་ བརྩི་སྲུང་འབད་ཡི།
དེ་ཡང་ ང་བཅས་རའི་ བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་བསྡུ་བཀོད་འབད་བའི་སྐབས་ གདོང་ལེན་ག་དེ་སྦེ་ར་བྱུང་རུང་ དེ་ཚུ་ལུ་ འདྲོག་འཇིགས་དང་ འཚེར་སྣང་མེད་པར་ རྒྱལ་ཡོངས་ལུ་ བརྡ་སྤེལ་ཐོག་ལས་ མི་སྡེ་ནང་ ཁྱད་པར་སྦོམ་བཟོ་བའི་ ངོས་འཛིན་ལུ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ འགོ་འདྲེན་ཐོག་ལས་ གཟེངས་བསྟོད་ཀྱི་ གསོལ་རས་དང་ ལག་ཁྱེར་ཚུ་ བྱིན་མི་དེ་ བརྡ་བརྒྱུད་ཚུ་གི་དོན་ལུ་ སེམས་ཤུགས་སྦོམ་ཅིག་ཨིན་མས།
འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ བརྡ་བརྒྱུད་དང་འབྲེལ་བའི་ གཟེངས་བསྟོད་གསོལ་རས་བྱིན་ནི་གི་ ལམ་ལུགས་འགོ་བཙུགས་ཏེ་ དུས་ཅི་འབདཝ་ད་ ལོ་༤ འགྱོ་དོ་ཡོདཔ་ད་ འདི་བཟུམ་ངོས་འཛིན་འབད་མི་དེ་གིས་ གསར་ཤོག་དང་ རྒྱང་མཐོང་ རྒྱང་བསྒྲགས་ཚུ་ནང་ ལཱ་འབད་མི་ཚུ་གིས་ ན་འཐན་དྲནམ་བཏོན་ཐོག་ལས་ གནས་ཚུལ་སྤུས་ཚན་ བསྡུ་བཀོད་དང་ ཁྱབ་སྤེལ་འབད་ནི་ལུ་ སེམས་ཤུགས་བསྐྱེདཔ་ཨིན་མས།
དེ་ཡང་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་དང་གཅིག་ཁར་ ཐོ་བཀོད་འབད་མི་ འཐུས་མི་༡༣༠ ཡོད་མི་ལས་ ན་ཧིང་ གསོལ་རས་ཁག་མ་འདྲཝ་༣༡ ཡོད་མི་ཚུ་གི་དོན་ལུ་ རང་སོའི་གནས་ཚུལ་དྲག་ཤོས་ཚུ་ བཙུགས་ཐོག་ལས་ དོ་འགྲན་འབད་མི་༥༨ ལས་བརྒལ་མེད་རུང་ དུས་ཅི་ དོ་འགྲན་འབད་མི་༡༢༥ གིས་ ཐོ་བཀོད་འབད་མི་ལས་ གསལ་སྟོན་འབདཝ་ཨིན་མས།
ཨིན་རུང་ བརྟག་ཞིབ་འབད་མི་ཚུ་གིས་ དོ་འགྲན་གྱི་ དོན་ལས་བཙུགས་མི་ གནས་ཚུལ་དང་ ཡིག་ཆ་ཚུ་ བསྐྱར་ཞིབ་འབདཝ་ད་ ལ་ལོ་ཅིག་ ཁྱད་ཚད་མ་ལྡན་པའི་ཁར་ གནས་ཚུལ་ལ་ལོ་ གསོལ་རས་འཐོབ་ནི་གི་ འོས་འབབ་མེད་མི་ལུ་བརྟེན་ གསོལ་རས་༨ ཆ་མེད་བཏངམ་ལས་ གསོལ་རས་༢༣ ལུ་ མར་བབས་ཡར་སོ་ནུག།
འདི་འབདཝ་ད་ ཆ་མེད་སོང་མི་ མང་ཤོས་ར་ རྫོང་ཁའི་གསར་ཤོག་ནང་ལས་ བཙུགས་མི་ཚུ་ཨིནམ་ལས་ སེམས་ཕམ་དགོཔ་ བྱུང་ཡོད་རུང་ འགྲན་བསྡུར་གྱི་ ཡིག་ཆ་ཚུ་ བསྐྱར་ཞིབ་དང་ བརྟག་དཔྱད་འབད་མི་ དྲང་དཔོན་ཚུ་གིས་ ག་ཅི་ལུ་ གཞི་བཞག་སྟེ་ ཆ་མེད་བཏང་ཡོདཔ་ཨིན་ན་ བརྡ་བརྒྱུདཔ་ལ་ལོ་ཅིག་གིས་ དྲི་བཀོད་ཡང་འབདཝ་མས།
འདི་བཟུམ་མའི་ དྲི་བཀོད་འབད་མི་དེ་ དྭངས་གསལ་གྱི་དོན་ལུ་ ལེགས་ཤོམ་ཨིན་མི་དེ་ཡང་ མ་འོངས་པའི་དོན་ལུ་ ནོར་བ་མི་བཟོ་ནི་དང་ ལམ་ལུགས་ལེགས་བཅོས་བཟོ་ཚུགས་ནི་ཨིན་མས།
འདི་འབདཝ་ལས་ ཁ་ཙ་ བརྡ་བརྒྱུད་ཀྱི་དལ་དབང་ཉིནམ་ བརྩི་སྲུང་སྐབས་ བརྡ་བརྒྱུདཔ་ཁལ་ལྷགཔ་ཅིག་ལུ་ གཟེངས་བསྟོད་གསོལ་རས་བྱིན་མི་དེ་ཡང་ བརྡ་བརྒྱུདཔ་ཚུ་གིས་ རང་སོའི་དལ་དབང་སྤྱོད་པའི་སྐབས་ འགན་འཁྲི་ཅན་དང་ གནས་ཚུལ་ག་ཅི་ར་ གསལ་བཀོད་འབད་རུང་ ནོར་བ་མེདཔ་ འབད་དགོ་པའི་ དྲན་གསོ་འབད་བའི་ བརྡ་མཚོན་ཅིག་ཡང་ཨིན་མས།
བརྡ་བརྒྱུདཔ་ཚུ་གི་ འགན་ཁུར་དེ་ཡང་ སྲིད་དོན་པ་དང་ ཞི་གཡོགཔ་བཟུམ་སྦེ་ར་ རྒྱལ་ཁབ་དང་ མི་སེར་ལུ་ ཕྱག་ཞུ་ནི་དེ་ཨིནམ་བཞིན་དུ་ བརྡ་བརྒྱུདཔ་ཚུ་གིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་སྟེ་ མི་སྡེ་ནང་ ཁྱད་པར་བཟོ་བ་ཅིན་ འདི་བཟུམ་མའི་མི་ཚུ་ ངོས་འཛིན་འབད་དེ་ བརྩི་མཐོང་བསྐྱེད་དགོཔ་དེ་གལ་ཆེ།
Check Also
ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།
༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …