བརྡ་བརྒྱུདཔ་དང་ ལྷན་རྒྱས་ཀྱི་བར་ནའི་ གྲོས་འཛོམས་སྐབས་ བརྗོད་དོན་ཐོག་ལུ་ དྲི་བཀོད་མེདཔ།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ བརྡ་བརྒྱུདཔ་ཚུ་དང་ ཞལ་འཛོམས་འཚོགས་པའི་སྐབས་ ཕན་ཚུན་གྱི་བར་ན་ མཉམ་འབྲེལ་དགོ་ཟེར་ ཨ་རྟག་ར་ གསུངས་ཡོདཔ་བཞིན་དུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་དང་པ་ འཚོགས་པའི་སྐབས་ བརྡ་བརྒྱུདཔ་ཚུ་གིས་ མ་གཞི་ རེ་འདོད་ཅན་གྱི་ དྲི་བ་དེ་ གལ་གནད་ཅན་ཅིག་ཨིན་རུང་ དྲིས་བཀོད་འབད་མ་བཏུབ་ཟེར་ཨིན་པས།
བློན་ཆེན་གྱིས་ ཞལ་འཛོམས་འཚོགས་པའི་བར་ན་ འཕྲལ་འཕྲལ་ར་ འདེམས་ངོ་ག་ཏེ་བཞུགས་ནི་དང་ ཚ་གྱང་མ་ལང་ མཉམ་རུབ་ཚོགས་པ་ཡོད་ཟེར་བའི་ དགོད་བྲ་བཟུམ་ཅིག་སྦེ་ གསུངསམ་ཨིན་པས།
ཨིན་རུང་ བརྡ་བརྒྱུདཔ་ལ་ལོ་ཅིག་གིས་ ཞལ་འཛོམས་མཇུག་མ་བསྡུ་ཚུན་ བློན་ཆེན་གྱིས་ དོན་དག་མེད་པར་ དགོད་བྲ་མི་གསུངས་འོང་ཟེར་ མནོ་བསམ་བཏང་དགོཔ་ བྱུང་ཡོདཔ་ད་ བློན་ཆེན་གྱིས་ བསམ་འཆར་དེ་ལུ་ བརྡ་བརྒྱུདཔ་ཚུ་གིས་ ག་ཅི་སྦེ་ དྲི་བཀོད་མ་འབདཝ་ཨིན་ན་ཟེར་ ཐུགས་བཞེད་གནངམ་ཨིན་པས།
ད་རེས་ཀྱི་ ཞལ་འཛོམས་ནང་ བརྡ་བརྒྱུདཔ་ཚུ་གིས་ འཆར་གཞི་༡༢ པའི་ བརྗོད་དོན་ཐོག་ལུ་ དྲི་བཀོད་འབད་དགོཔ་ཨིནམ་ད་ ཞལ་འཛོམས་མཇུག་བསྡུཝ་ད་ བློན་ཆེན་གྱིས་ དཔེ་བཟུམ་ཅིག་སྦེ་ གསུངས་མིའི་ནང་ འབྲུག་མི་ཚུ་གིས་ ཕྱི་རྒྱལ་ལུ་ ལཱ་ལེགས་ཤོམ་འབད་རུང་ རྒྱལ་ཁབ་ནང་ ལཱ་ འཐུས་ཤོར་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ རྒྱལ་ཁབ་ནང་ འབྲུག་མི་ཚུ་གིས་ རེ་འདོད་བཀོད་མི་ཚུ་ ཐོབ་མི་ཚུགས་པས་ཟེར་ཨིནམ་ད་ རེ་འདོད་དང་འཁྲིལ་ གྲུབ་འབྲས་བཏོན་མ་ཚུགས་རུང་ འབྲུག་མི་ཚུ་ ཕྱི་རྒྱལ་གྱི་ མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ཕར་ སྦྱོང་བརྡར་ནང་ སོང་མི་ཚུ་གིས་ ལེགས་ཤོམ་སྦེ་ འབད་ཚུགས་པས་ཟེར་ཨིན་པས།
བློན་ཆེན་གྱིས་ བརྡ་བརྒྱུདཔ་ཚུ་ལུ་ འབྲུག་མི་ཚུ་གིས་ རྒྱལ་ཁབ་ནང་ ལེགས་ཤོམ་སྦེ་ གྲུབ་འབྲས་བཏོན་མ་ཚུགས་པའི་སྐོར་ལས་ གསུངས་མིའི་ནང་ འཆར་གཞི་༡༢ པའི་ བརྗོད་དོན་གྱི་ གནད་དོན་བཞག་མིའི་ཐོག་ལུ་ གྲོས་བསྟུན་འབད་དགོ་ཟེར་ཨིན་རུང་ དོན་ཚན་དང་འབྲེལ་བའི་ དྲི་བ་རེ་གཉིས་མ་གཏོགས་ ཐོབ་མ་ཚུགས་ཟེར་ཨིན་པས།
ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ཚུ་གིས་ འཆར་གཞི་༡༢ པའི་སྐོར་ལས་ དྲི་བ་ལེགས་ཤོམ་བཀོད་པའི་ རེ་འདོད་བསྐྱེད་དེ་ སྡོད་ཅི་ཟེར་ཨིནམ་ད་ འབྲུག་དེ་ གོང་འཕེལ་འགྱོ་བའི་བསྒང་གི་ རྒྱལ་ཁབ་ཨིན་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ འཆར་གཞི་༡༡ པ་དང་༡༢ པ་གཉིས་ལུ་ ཁྱད་པར་ག་ཅི་ཡོདཔ་ཨིན་ན་གི་སྐོར་ དྲི་བཀོད་འབད་འོང་ཟེར་ རེ་བ་བསྐྱེད་རུང་ དྲི་བཀོད་འབད་མི་ མིན་འདུག་ཟེར་ཨིན་པས།
འཆར་གཞི་༡༢ པའི་ནང་ རྒྱུན་སྐྱོང་གི་ འཆར་དངུལ་བརྒྱ་ཆ་༨༠ དང་ གསར་སྒྲུབ་ཀྱི་འཆར་དངུལ་ བརྒྱ་ཆ་༢༥ འབདཝ་ད་ ལམ་ལུགས་ལེགས་ཤོམ་ཨིན་མེན་གྱི་སྐོར་ དྲི་བཀོད་འབད་འོང་ཟེར་ཨིན་རུང་ མནོ་དོན་ལྟར་ མིན་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཁོ་གིས་འབད་བ་ཅིན་ འབྲུག་མཉམ་རུབ་ཚོགས་པའི་གཞུང་དེ་ གསོ་བའི་གྲོས་གཞི་ལུ་བརྟེན་ གཞུང་སྐྱོང་ནིའི་ གོ་སྐབས་ཐོབ་ཅི་ཟེར་ཨིནམ་ད་ འཆར་གཞི་༡༢ པའི་ ཡོངས་བསྡོམས་འཆར་དངུལ་ཚུ་ ཁས་བླངས་དང་འཁྲིལ་ཏེ་ བསྒྱུར་བཅོས་ག་དེ་སྦེ་ འབད་ཡི་ག་ཟེར་བའི་ དྲི་བ་ཡང་ བཀོད་ནི་མིན་འདུག་ཟེར་ཨིན་པས།
ས་གནས་གཞུང་དང་ གཞུང་ལྟེ་བ་གཉིས་ནང་ འཆར་དངུལ་བརྒྱ་ཆ་༥༠ རེ་ བཞག་མི་དེ་ འཆར་གཞི་དང་པ་ཨིནམ་ད་ བརྡ་བརྒྱུདཔ་ཚུ་གིས་ འཆར་དངུལ་ཚུ་ བགོ་བཀྲམ་འབདཝ་ད་ ས་གནས་གཞུང་གིས་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་དང་ ལྕོགས་གྲུབ་ཚུ་གི་སྐོར་ལས་ དྲི་བཀོད་འབད་ནི་ མིན་འདུག་ཟེར་ཨིན་པས།
ཞལ་འཛོམས་ཀྱི་ མཇུག་བསྡུ་གསལ་ཞུ་དེ་ལུ་ བརྡ་བརྒྱུདཔ་ལ་ལོ་ཅིག་ སེམས་དང་མ་ལྡན་པར་ཡོདཔ་ད་ ཞལ་འཛོམས་ནང་ བརྡ་བརྒྱུད་ལས་ཁང་ཚུ་གི་ རྩོམ་སྒྲིག་པ་དང་ ཇོ་བདག་ དེ་ལས་ གནས་ཚུལ་བསྡུ་བཀོདཔ་ཚུ་གིས་ གྲལ་གཏོགས་འབད་ཡི།
གནས་ཚུལ་བསྡུ་བཀོདཔ་གོངམ་ཅིག་གིས་ སླབ་མིའི་ནང་ བློན་ཆེན་གྱིས་ དགོད་བྲ་འབདཝ་མེན་པར་ ཞལ་འཛོམས་ནང་འོང་མི་བརྡ་བརྒྱུདཔ་ཚུ་གི་ ཁྱད་རིག་དང་ ལྕོགས་གྲུབ་ཡོད་མེད་ བལྟཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆར་གཞི་༡༢ པའི་ འཆར་དངུལ་མེདཔ་ལས་ བརྗོད་དོན་ཐོག་ལུ་ དྲི་བ་བཀོད་མ་ཚུགས་ཟེར་ཨིན་པས།
ད་ཚུན་ལུ་ གཞུང་གིས་ ཡིག་ཚང་རྩིས་ལེན་པའི་ཤུལ་ལས་ བརྡ་བརྒྱུདཔ༌ཚུ༌དང༌_ཞལ་འཛོམས་ཐེངས་༤ འཚོགས་ཡོདཔ་ད་ སྤྱི་ཟླ་༡༡ པའི་ཚེས་༧ ལུ་ བློན་ཆེན་གྱི་ ཡིག་ཚང་ནང་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་གྱིས་ བརྡ་བརྒྱུད་པའི་འགན་ཁུར་དེ་ ཁག་ཆེ་བའི་སྐོར་དང་ འགན་འཁྲི་ཅན་གྱི་ གནས་ཚུལ་འབྲི་ནི་ འགན་འཁྲི་ཅན་གྱི་ བརྡ་བརྒྱུདཔ་འབད་དགོ་པའི་སྐོར་ལས་ གསུངས་ཡི།
བློན་ཆེན་གྱིས་ འབད་བ་ཅིན་ བརྡ་བརྒྱུདཔ་ཚུ་གིས་ འགན་འཁྲི་དང་འཁྲིལ་ཏེ་ མ་འབད་བ་ཅིན་ དང་ལེན་འབད་དགོཔ་འོང་ཟེར་ གསུངས་ཡོད་པའི་ཁར་ ང་བཅས་ལུ་ དོན་དག་མེད་པའི་ སྐྱོན་བརྗོད་འབད་ནི་མེན་པར་ རྒྱལ་ཡོངས་ལུ་ ཕན་ཐོགས་ཅན་གྱི་ སྐྱོན་བརྗོད་དགོ་ཟེར་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *