༉ ཁ་ཙ་ རྒྱལ་སྤྱི་བརྡ་བརྒྱུད་དལ་དབང་གི་ཉིནམ་ བརྩི་སྲུང་འབདཝ་དང་འབྲེལ་ འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ གནས་ཚུལ་བསྡུ་བཀོདཔ་དྲག་ཤོས་ཀྱི་ གཟེངས་ཐོན་རྟགས་མའི་ ལས་རིམ་སྐབས་ གནས་ཚུལ་བསྡུ་བཀོདཔ་༢༠ གིས་ ངལ་རངས་ཀྱི་ ལག་ཁྱེར་དང་ དངུལ་རྐྱང་གི་ གསོལ་རས་ཚུ་ཐོབ་ཅི།
དེ་ཡང་ གསར་ཤོག་ཚུ་གི་གྲས་ལས་ ཀུན་གསལ་རང་སྐྱོང་ལས་འཛིན་ལས་ གནས་ཚུལ་བསྡུ་བཀོདཔ་༤ དང་ བི་ཟི་ནེསི་བྷུ་ཏཱན་ལས་༢ འབྲུག་གནས་ཚུལ་ལས་༡ དཱ་བྷུཊ་ནིསི་ལས་༡ དེ་ལས་ རང་དབང་གི་ གནས་ཚུལ་བསྡུ་བཀོདཔ་༡ བརྩིས་ཏེ་ བསྡོམས་གནས་ཚུལ་བསྡུ་བཀོདཔ་༩ གིས་ ངལ་རངས་ཀྱི་ལག་ཁྱེར་དང་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༠,༠༠༠ རེ་ཐོབ་ཅི།
རྒྱང་མཐོང་གི་དོན་ལུ་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ མི་གྲངས་༥ དང་ རྒྱང་བསྒྲགས་ཀྱི་ལས་རིམ་ནང་ རེ་ཌིའོ་བེ་ལི་ལས་༡ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་༢ དེ་ལས་ སྐུ་གཟུགས་རྒྱང་བསྒྲགས་ལས་༢ བརྩིས་ཏེ་ མི་གྲངས་༡༠ གྱིས་ ངལ་རངས་ཀྱི་ལག་ཁྱེར་དང་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༠,༠༠༠ རེ་ ཐོབ་ཅི།
དེ་ལས་ བརྡ་བརྒྱུད་ལས་ཁང་ནང་ ལོ་ངོ་༡༥ ལས་ལྷག་སྟེ་ ཕྱག་ཞུ་མི་ཚུ་གི་དོན་ལུ་ འཇིགས་མེད་སེངྒེ་དབང་ཕྱུག་ཁྱད་འཕགས་ཀྱི་ གཟེངས་ཐོན་རྟགས་མ་ཡང་ གནང་ཡོདཔ་བཞིན་དུ་ གསོལ་རས་དེ་ འབྲུག་རྒྱང་བསྒྲགས་ལས་འཛིན་ལས་ ཀརྨ་རྡོ་རྗེ་གིས་ ཁྱད་འཕགས་ཀྱི་ལག་ཁྱེར་དང་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཐོབ་ཅི།
དེ་བཟུམ་སྦེ་ གནས་ཚུལ་བསྡུ་བཀོདཔ་གཞོནམ་ཚུ་གི་གྲས་ལས་ དཱ་བྷུཊ་ནིསི་ལས་ གནས་ཚུལ་བསྡུ་བཀོདཔ་ བསོད་ནམས་གཡང་སྒྲོན་གྱིས་ དྲག་ཤོས་ཐོན་ཏེ་ ངལ་རངས་ཀྱི་ལག་ཁྱེར་དང་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༢༠,༠༠༠ ཐོབ་ཅི།
བརྡ་བརྒྱུདཔ་དྲག་ཤོས་ཀྱི་ གསོལ་རས་ཁག་༣༡ ཡོད་མིའི་གྲས་ལས་ གསོལ་རས་ཁག་༨ ཆ་མེད་བཏང་ཡོད་མི་དེ་ཡང་ གནས་ཚུལ་བཙུགས་མི་ཚུ་ ཁྱད་ཚད་དང་མ་ལྡན་ནི་དེ་གིས་ རྫོང་ཁའི་གསར་ཤོག་གྲས་ལས་ གསོལ་རས་ཁག་༦ དང་ རྒྱང་བསྒྲགས་ལས་༡ དེ་ལས་ པར་བཏབ་མི་དྲག་ཤོས་ལུ་ ཐོ་བཀོད་འབད་མི་ག་ཡང་ མ་ཐོན་མི་ལུ་བརྟེན་ ཆ་མེད་བཏང་ཡོདཔ་ཨིན་པས།
དུས་ཅི་ གཟེངས་ཐོན་རྟགས་མའི་དོན་ལུ་ གནས་ཚུལ་༡༥༣ ཐོ་བཀོད་འབད་ཡོད་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་༦༧ ཐེབས་ཨིནམ་བཞིན་དུ་ རྒྱང་བསྒྲགས་དང་ རྒྱང་མཐོང་གི་དོན་ལུ་ཡང་ རྫོང་ཁ་དང་ ཨིང་ལིཤ་སོ་སོར་སྦེ་ གསོལ་རས་ཁག་༣ རེ་ བཟོ་ཡོདཔ་ཨིན་པས།
འབྲུག་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་གཙོ་འཛིན་ རིག་འཛིན་དབང་ཕྱུག་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གནས་ཚུལ་བསྡུ་བཀོདཔ་གོངམ་ཚུ་ དགོངས་ཞུ་འབད་དོ་ཡོདཔ་བཞིན་དུ་ གནས་ཚུལ་བསྡུ་བཀོདཔ་གཞོནམ་ཚུ་ ལྕོགས་གྲུབ་བཟོ་ནི་ལུ་ གདོང་ལེན་ཡོད་རུང་ བློ་སྟོབས་མ་ཉམས་པར་ ཕྱག་ཞུ་དོ་ཟེར་ཨིན་པས།
སྐུ་མགྲོན་གཙོ་བོ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ གནས་ཚུལ་བསྡུ་བཀོདཔ་གི་ལཱ་དེ་ ཁག་ཆེ་ཏོག་ཏོ་ཅིག་ཨིན་རུང་ ཕྱོགས་གཅིག་ལས་འབད་བ་ཅིན་ ལཱ་ཁག་ཅིག་ཨིནམ་ད་ གནས་ཚུལ་ལེགས་ཤོམ་ཅིག་བྲིས་རུང་ དགའ་ཚོར་མེན་པར་ མ་དགའ་མི་ཡོད་པའི་ཁར་ ལེགས་ཤོམ་ཅིག་ མ་འབྲི་བ་ཅིན་ དགྲ་བྱང་ཕྱད་སྦེ་ར་ འགྱོཝ་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ དགག་བཤེར་དང་ ཚད་མཉམ་དེ་ཡང་ ཁག་ཆེ་ཟེར་ཨིནམ་ད་ ཨིན་རུང་ གནས་ཚུལ་བསྡུ་བཀོདཔ་གི་ འགན་ཁུར་དེ་ གཞུང་གིས་ ཕྱག་ལཱ་ལེགས་ཤོམ་མཛད་མི་དང་ འཐུས་ཤོར་ཚུ་ ག་ཅི་ར་འབྱུངམ་ཨིན་ན་ མི་སེར་ཚུ་ལུ་ ཁྱབ་བསྒྲགས་འབད་ནི་དེ་ ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འཆར་གཞི་༡༢ པའི་ནང་ ག་དེ་སྦེ་ བཙུགས་ཚུགས་ག་ བལྟ་ནིའི་དོན་ལུ་ སྤྱིར་བཏང་བརྡ་བརྒྱུདཔ་ཚུ་ལུ་ ལོ་༥ འི་ནང་ ཡུན་རིང་དང་ དུས་ཐུང་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ནང་ སྦྱོང་བརྡར་དང་ ཤེས་ཡོན་ཚུ་ ག་ཅི་ར་ དགོཔ་ཡོདཔ་ཨིན་ན་ བརྒྱུད་འབྲེལ་བློན་པོ་ལུ་ ཡིག་ཐོག་གུ་ བཙུགས་གནང་ཟེར་ཨིན་པས།
དཱ་བྷུཊ་ནིསི་གི་ གནས་ཚུལ་བསྡུ་བཀོདཔ་ བསོད་ནམས་གཡང་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ ཞིབ་འཚོལ་གནས་ཚུལ་དྲག་ཤོས་ཀྱི་ ལག་ཁྱེར་དང་ གསོལ་རས་ཐོབ་ཡོདཔ་མ་ཚད་ གནས་ཚུལ་བསྡུ་བཀོདཔ་གཞོནམ་གི་ གསོལ་རས་དང་ ལག་ཁྱེར་ཡང་ ཐོབ་མི་ལུ་བརྟེན་ ད་ལས་ཕར་ གནས་ཚུལ་འབྲི་ཐོག་ལས་ གཞུང་དང་ མི་སེར་ཚུ་ ཕྱག་ཞུ་ནིའི་ བློ་སྟོབས་ཐོབ་ཅི་ཟེར་ ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།