བརྡ་བརྒྱུད་ལུ་ བརྩི་མཐོང་ཡོད་པའི་བརྡ་མཚོན།

༉ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གཞུང་སྐྱོང་དབུ་ཁྲིད་ཀྱི་ ཕྱག་འགན་བཞེས་པའི་ ཉིནམ་ལས་འགོ་བཟུང་ ཁོ་གི་གཞུང་གིས་ བརྡ་བརྒྱུད་དང་ མཐུམ་ལམ་ལེགས་ཤོམ་བཞག་ནི་ལུ་ གཙོ་རིམ་བཟུངམ་ཨིན་ཟེར་ གསུངས་ཡོདཔ་བཞིན་དུ་ བདུན་རིམ་བཞིན་དུ་ བློན་ཆེན་དང་ ཕྱད་ནི་གི་ ལས་རིམ་དེ་ཡང་ ཨ་རྟག་དང་ མ་འདྲཝ་སྦེ་ བཟོ་གནང་སྟེ་ཡོདཔ་ཨིན།
ད་རུང་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུད་ཀྱི་བར་ན་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ཀྱི་ ལས་རིམ་དེ་ཡང་ འདས་པའི་གཞུང་སྐྱོང་གཉིས་དང་ཕྱདཔ་ད་ ལེ་ཤ་གིས་ སྟབས་བདེ་ཏོག་ཏོ་དང་ སྒོ་ཡངས་དྲགས་སྦེ་ འགོ་འདྲེན་འཐབ་ཨིན་མས།
གཞུང་གིས་ བརྡ་བརྒྱུད་ལས་ རེ་བ་སྦོམ་བསྐྱེདཔ་དང་གཅིག་ཁར་ དྲི་བ་ཚུ་ཡང་ ཁྱད་རིག་གི་ཐོག་ལས་ བཀོད་དགོ་པའི་ སེམས་ཤུགས་བསྐྱེད་མི་དེ་ བརྡ་བརྒྱུད་ཀྱི་ ཁྱད་རིག་དང་ རིག་རྩལ་ཡར་རྒྱས་གཏང་ནིའི་ ཐབས་བྱུས་ལེགས་ཤོམ་ཅིག་ཨིན་མས།
དེ་གིས་མ་དོ་བར་ གཞུང་གི་ཁ་ཐུག་ལས་ བརྡ་བརྒྱུད་ལུ་ བརྩི་མཐོང་སྦོམ་བསྐྱེད་མི་དེ་ཡང་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ཀྱི་ འགན་ཁུར་དེ་ གལ་ཆེ་མི་ལུ་བརྟེན་ཨིནམ་ད་ ད་ལྟོའི་ གཞུང་གི་མཛད་རིམ་ལུ་ བལྟ་བ་ཅིན་ བརྡ་བརྒྱུད་ཀྱི་ དལ་དབང་ལུ་ གུས་ཞབས་ཡོད་པའི་ཁར་ བརྡ་དོན་ཚུ་གི་ ཐོབ་སྤྱོད་ནང་ཡང་ འཇམ་ཏོང་ཏོ་ བཟོ་ནི་བཟུམ་ཅིག་སྦེ་མཇལཝ་མས།
འདི་བཟུམ་མའི་ གཞུང་གི་མཛད་བྱ་ལུ་ བརྡ་བརྒྱུདཔ་ཚུ་གིས་ ཡིད་ཆེས་ངལ་རངས་སྦོམ་བསྐྱེདཔ་དང་གཅིག་ཁར་ གཞུང་གི་ཧོངས་ལས་ཡང་ བརྡ་བརྒྱུད་ཀྱི་ རེ་འདོད་ཚུ་ འགྲུབ་འོང་ཟེར་ རེ་བ་བསྐྱེད་དོ་ཡོདཔ་ད་ མ་གཞི་ འབྲུག་གི་བརྡ་བརྒྱུད་དེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ གཞི་བཙུགས་འབད་བའི་ ནམ་དུས་ལས་ཡང་ཡོད་རུང་ བརྡ་བརྒྱུདཔ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ བརྡ་དོན་དང་ གནས་ཚུལ་ཐོབ་སྤྱོད་ནང་ གཞུང་དང་ སྲིད་དོན་པ་ཚུ་གིས་ མཉམ་འབྲེལ་ལེགས་ཤོམ་ འབད་མ་བཏུམ་མི་ལས་ བྱུང་སྟེ་ཡོད།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ འབྲུག་པའི་མི་སེར་ལུ་ གནས་ཚུལ་གྱི་ ཐོབ་དབང་གནང་སྟེ་ཡོདཔ་བཞིན་དུ་ ཐོབ་དབང་སྤྱོད་ནིའི་དོན་ལུ་ བརྡ་བརྒྱུད་ཀྱི་ གཞི་རྟེན་ཐོབ་དབང་དང་ འགན་ཁུར་དེ་ གནས་ཚུལ་ཁྱབ་སྤེལ་འབད་ནི་དེ་ཨིནམ་ད་ གནས་ཚུལ་གྱི་ ཐོབ་དབང་ཡོདཔ་ བཟོ་ནིའི་དོན་ལུ་ གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་ཀྱི་ རང་བཙན་དང་ སྲུང་སྐྱོབ་མེན་པའི་ གནད་དོན་གཞན་ཚུ་ བརྡ་བརྒྱུད་དང་ མི་མང་ལུ་ ཐོབ་སྤྱོད་ཡོདཔ་ བཟོ་ནི་དེ་ ག་ནི་བ་གལ་ཆེ།
རྒྱལ་ཁབ་ནང་ གཞུང་བཟུམ་སྦེ་ བརྡ་བརྒྱུད་ཡང་ གསརཔ་ཨིནམ་མ་ཚད་ དམིགས་བསལ་དུ་ བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ མང་ཤོས་ར་ ན་གཞོན་ཨིནམ་ལས་ རང་སོའི་ཁྱད་རིག་ཅན་གྱི་ འགན་ཁུར་འབགཔ་ད་ འཐུས་ཤོར་དང་ ནོར་བ་ཚུ་ འབྱུང་སྲིད་ནི་ཨིན་རུང་ གཞུང་གི་ཧོངས་ལས་ བཟོད་བསྲན་ཡོདཔ་ཅིག་མཛད་དགོ།
ག་འཆརཔ་ཟེར་བ་ཅིན་ འདས་པའི་ཉམས་མྱོང་དང་ བྱུང་རྐྱེན་ཚུ་ རྗེས་སུ་དྲན་པ་ཅིན་ གནས་ཚུལ་ཞལ་འཛོམས་སྐབས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ བརྡ་བརྒྱུདཔ་ལ་ལོ་ཅིག་ལུ་ ཚོགས་བརྡ་བཏང་སྟེ་ ངོ་ཚ་སི་སི་བཟོ་མི་ལུ་བརྟེན་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ ཕྱག་ཞུ་སྟེ་ གཞུང་སྐྱོང་ནང་ དགག་བཤེར་དང་ ཚད་མཉམ་ཡོདཔ་བཟོ་མི་ བརྡ་བརྒྱུད་ལ་ལོ་ སྤྲོ་བ་ཞན་ཏེ་ རང་སོའི་ཁྱད་གཡོག་བཤོལ་བཞག་པའི་ གནད་དོན་ཚུ་ཡང་ཐོན་ཡི།
ད་རེས་ནངས་པར་ འབྲུག་གི་བརྡ་བརྒྱུད་ལས་ཁང་ཚུ་ནང་ ལཱ་འབད་མི་ ན་གཞོན་མངམ་ཡོད་མི་ཚུ་ལུ་ སེམས་ཤུགས་བསྐྱེད་ནིའི་དོན་ལས་ གཞུང་གིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་གང་དྲག་མཛད་དགོཔ་ཡོད་མི་དེ་ཡང་ བརྡ་བརྒྱུདཔ་ཚུ་གི་དོན་ལུ་ དགོཔ་དེ་ར་ བརྡ་དོན་གྱི་ ཐོབ་སྤྱོད་ཨིནམ་ལས་ ཐོབ་སྤྱོད་ཡར་དྲག་གཏང་དགོཔ་བཞིན་དུ་ གལ་སྲིད་ བརྡ་དོན་གྱི་ ཐོབ་སྤྱོད་མེད་པ་ཅིན་ བརྡ་བརྒྱུད་ཀྱི་འགན་ཁུར་ མི་མང་ལུ་ བརྡ་སྤེལ་མི་ཚུགས་ནི་དང་ གཞུང་གི་རེ་འདོད་ཡང་ འགྲུབ་མི་ཚུགས། ད་རུང་ གཞུང་གི་གནས་རིམ་ནང་ ངན་ལྷད་ཁྱབ་ཆེ་དྲགས་འགྱོ་ནི་གི་ ཉེན་ཁ་ཡོད།
འདི་འབདཝ་ལས་ གཞུང་གིས་ བརྡ་བརྒྱུད་ལུ་ བརྩི་མཐོང་སྦོམ་བསྐྱེདཔ་དང་གཅིག་ཁར་ བརྡ་བརྒྱུད་ཀྱིས་ འཐུས་ཤོར་དང་ ནོར་བ་བྱུང་མི་ཚུ་ལུ་ སྐྱོན་བརྗོད་འབདཝ་ད་ གཞུང་ལས་ ཕན་རླབས་ཆེ་བའི་ སྐྱོན་བརྗོད་ཨིནམ་སྦེ་ ངོས་ལེན་གནང་དགོ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *