བརྡ་བརྒྱུད་ཚུ་གིས་ མི་མང་འཕྲོད་བསྟེན་གྱི་ གོ་བརྡ་སྤེལ་ནི་ལུ་ ཤུགས་བཏོན་དགོཔ།

༉ རྒྱལ་ཁབ་ཀྱི་ མཐའ་ཟུར་གཡུས་ཚན་ནང་ སྡོད་མི་ཚུ་ལུ་ མི་མང་འཕྲོད་བསྟེན་གྱི་སྐོར་ལས་ གོ་བརྡ་སྤེལ་ནིའི་དོན་ལུ་ བརྡ་བརྒྱུད་དེ་ ཁག་ཆེ་དྲགས་ཅིག་ཨིན་པས།
དེ་ཡང་ འཛམ་གླིང་གསོ་བའི་ལས་སྡེ་གི་ གསོ་བའི་འགོ་དཔོན་ ཌོག་ཊར་ རུ་རཝ་ མཱན་ ཤེ་རེས་ཊ་གིས་ བཤད་མི་དང་འཁྲིལཝ་ད་ མཐའ་ཟུར་གཡུས་ཚན་དང་ ས་ཁ་མཐོ་སར་ ནོར་འཚོ་སྡོད་མི་ཚུ་ལུ་ རྒྱང་མཐོང་ཊི་བི་དང་ འགྲུལ་འཕྲིན་མོ་བཱ་ཡེལ་ལ་སོགས་པའི་ མཐུན་རྐྱེན་ཚུ་མེད་དེ་འབད་རུང་ མང་ཤོས་ཅིག་གིས་ རྒྱང་བསྒྲགས་རེ་ཌི་བོ་ ལག་ལེན་འཐབ་དོ་ཡོདཔ་ལས་ གོ་བ་བརྡ་སྤྲོད་དང་ བརྡ་དོན་ཚུ་ སྤེལ་ཚུགས་པས་ཟེར་ཨིན་པས།
ལུང་ཕྱོགས་མང་ཤོས་ཅིག་ནང་ མི་སེར་ཚུ་ མི་མང་འཕྲོད་བསྟེན་ལེགས་ཤོམ་མེད་མི་དང་ ཁོང་གིས་ སྨན་བཅོས་ཚུ་ དུས་མཐུན་མ་འབད་མི་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ མི་མང་འཕྲོད་བསྟེན་ ག་དེམ་ཅིག་ ཁག་ཆེཝ་ཨིན་ན་ ཤེས་དགོཔ་འདུག་ཟེར་ཨིན་པས།
གནད་དོན་དེ་ཡང་ འཛམ་གླིང་གསོ་བའི་ལས་སྡེ་གིས་ རྒྱལ་ཁབ་ཀྱི་ བརྡ་བརྒྱུད་ལས་ཁང་ཚུ་ནང་ལས་ གནས་ཚུལ་བསྡུ་ལེན་པ་༡༢ དེ་ཅིག་ལུ་ གྲོས་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ བཤད་ཡོདཔ་ཨིན།
གནས་ཚུལ་རྩོམ་སྒྲིག་པ་བགྲེསཔ་ གོ་པི་ལཱལ་ ཨ་ཅར་ཡ་གིས་ བཤད་མི་དང་འཁྲིལཝ་ད་ བརྡ་བརྒྱུད་ཀྱིས་ མི་སེར་ཚུ་ལུ་ གོ་བ་བརྡ་སྤྲོད་འབད་བའི་སྐབས་ དེ་གིས་ མི་སེར་རྐྱངམ་གཅིག་ལུ་མེན་པར་ སྲིད་བྱུས་རྩམ་མི་དང་ གསོ་བའི་འགོ་དཔོན་ དེ་ལས་ འབྲེལ་ཡོད་དབང་འཛིན་ཡོངས་ལུ་ གནས་ཚུལ་སྤེལ་ཚུགས་པའི་ ཁེ་ཕན་འདུག་ཟེར་ཨིན་པས།
བརྡ་བརྒྱུད་ཁག་ཆེ་བས་ཟེར་ སླབ་པའི་སྐབས་ བརྡ་བརྒྱུད་ཀྱིས་ གནས་ཚུལ་ལེགས་ཤོམ་ཅིག་ འབྲི་བ་ཅིན་ མི་མང་ཡོངས་ཀྱིས་ དེ་ལུ་ཆ་བཞག་ནི་ཨིནམ་མ་ཚད་ གནས་ཚུལ་ཟོགཔ་ཅིག་ འབྲི་སྟེ་འབད་རུང་ཡང་ བརྡ་བརྒྱུད་ཀྱིས་ བཀྲམ་སྤེལ་འབད་མི་དེ་ལུ་ར་ ཆ་བཞག་དོ་ཡོདཔ་ལས་ བརྡ་བརྒྱུད་ཀྱིས་ ག་ཅི་རང་ འབྲི་སྟེ་འབད་རུང་ མནོ་བསམ་ལེགས་ཤོམ་བཏང་ཐོག་ལས་ བདེན་པ་ཡོད་པའི་གནས་ཚུལ་ བསྡུ་ལེན་འབད་ཞིནམ་ལས་ འབྲི་དགོཔ་ཁག་ཆེ་ཟེར་ཨིན་པས།
མི་མང་འཕྲོད་བསྟེན་ཟེརཝ་ད་ མི་མང་ཤོས་ཅིག་གིས་ ཁག་ཆེ་དྲགས་སྦེ་ མི་བརྩི་དོ་ཡོདཔ་མ་ཚད་ གསར་ཤོག་དང་ རྒྱང་བསྒྲགས་ནང་འབད་རུང་ གནས་ཚུལ་གཙོ་ཅན་སྦེ་ མི་ཐོན་དོ་ཡོདཔ་ཨིན་རུང་ གནས་ཚུལ་བསྡུ་ལེན་པ་དེ་གིས་ སྤྲོ་ཏོག་ཏོ་དང་ མི་མང་གིས་ ལྟཝ་ཅིག་ ལྷག་དགོ་མནོ་སི་སི་སྦེ་ བཟོ་བ་ཅིན་ ག་ར་གིས་ལྷག་སྟེ་ གོ་བ་སྤེལ་ཚུགས་པའི་ ཁེ་ཕན་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་མི་ རྒྱལ་ཁབ་ཅིག་ཨིནམ་ལས་ རྒྱལ་ཁབ་ནང་ འབུ་ནི་མེན་པའི་ནད་གཞི་གི་ གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་ད་ དེ་ཚུ་བཀག་ཐབས་དང་ སྨན་བཅོས་ཀྱི་དོན་ལུ་ ག་ཅི་རང་འབད་དགོཔ་ཨིན་ན་ མི་སེར་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གོ་བ་བརྡ་སྤྲོད་བཟུམ་སྦེ་ གནས་ཚུལ་བསྡུ་ལེན་འབད་དེ་ བཀྲམ་སྤེལ་འབད་ནི་དེ་ཡང་ ཁག་ཆེཝ་སྦེ་མཐོངམ་མས་ཟེར་ གོ་པི་ལཱལ་ ཨ་ཅར་ཡ་གིས་ བཤད་ཅི།
འཛམ་གླིང་གསོ་བའི་ལས་སྡེ་གི་ངོ་ཚབ་ ཌོག་ཊར་ བུ་ཡི་ པའུ་ལོ་ ཌི་ ཇིསཱས་གིས་འབད་བ་ཅིན་ མི་མང་འཕྲོད་བསྟེན་ཟེར་མི་དེ་ར་ མི་སེར་དང་འབྲེལ་བའི་ འཕྲོད་བསྟེན་དེ་ལུ་ ཧ་གོ་དོ་ཡོདཔ་ལས་ མི་སེར་ཡོངས་ཀྱིས་ འཇམ་ཏོང་ཏོ་སྦེ་ མནོ་ནི་མེན་པར་ ག་དེ་དྲག་དྲག་ བདག་འཛིན་འཐབ་སྟེ་འབད་དགོཔ་ ཁག་ཆེ་ཟེར་ཨན་པས།
ཨིན་རུང་ གནས་ཚུལ་བསྡུ་ལེན་པ་ཚུ་གིས་འབད་བ་ཅིན་ གནས་ཚུལ་བསྡུ་ལེན་འབད་བའི་སྐབས་ འགོ་དཔོན་ཚུ་ལས་ བརྡ་དོན་ཐོབ་མ་ཚུགས་ནི་དེ་གིས་ གནས་ཚུལ་གཏིང་ཟབ་སྦེ་ འབྲི་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
དེ་མ་ཚད་ གསར་ཤོག་ཀུན་གསལ་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་བཟུམ་ཅིག་འབད་བ་ཅིན་ ཉིན་བསྟར་བཞིན་དུ་ གནས་ཚུལ་སྤེལ་དགོ་མི་ལུ་བརྟེན་ དེ་གིས་ཡང་ ལེགས་ཤོམ་སྦེ་ འབྲི་ཚུགས་ནི་ལུ་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ བརྡ་བརྒྱུད་ཚུ་གི་ཁ་ཐུག་ལས་ མི་མང་འཕྲོད་བསྟེན་གྱི་ཐད་ཁར་ གནས་ཚུལ་ཚུ་ ག་དེ་དྲག་དྲག་བསྡུ་ལེན་འབད་དེ་ འབྲི་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་སྦེ་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *