བརྡ་བརྒྱུད་ཀྱི་ རང་དབང་ལུ་ སྒྲིགས་དམ་དྲགས?

༉ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་གསུམ་པའི་ བཙག་འཐུའི་ཚེས་གྲངས་ གསལ་བསྒྲགས་འབད་དེ་ ཟླཝ་མ་ལངམ་ཅིག་ཁར་ ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་བཙག་འཐུ་༢༠༡༨ ཀྱི་དོན་ལུ་ ངོས་འཛིན་འབད་མི་ བརྡ་བརྒྱུད་འདུམ་འགྲིགཔ་ཡིག་ཚང་གིས་ བརྡ་བརྒྱུད་ལས་ཁང་ཚུ་དང་གཅིག་ཁར་ གནད་དོན་ཁག་སོ་སོའི་ནང་ གདོང་ལེན་འབད་དགོཔ་བྱུང་ནུག།
དེ་ཡང་ སྒེར་གྱི་གསར་ཤོག་ དཱ་ཇོར་ན་ལིསིཊ་གིས་ སྤྱི་ཟླ་༣ པའི་ཚེས་༤ ལུ་ ཀླུ་མང་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ལུ་ གོ་སྐབས་ཡོད་པའི་སྐོར་ གསར་ཤོག་དེ་ནང་ གནས་ཚུལ་ཅིག་ པར་སྐྲུན་འབད་བའི་ གནད་ལུ་བརྟེན་ བརྡ་བརྒྱུད་འདུམ་འགྲིགཔ་ཡིག་ཚང་གིས་ གནས་ཚུལ་བསྡུ་བཀོདཔ་ཅིག་དང་ རྩོམ་སྒྲིག་པ་ལུ་ འགན་འཁྲི་བཀལ་དགོཔ་སྦེ་ སླབ་མི་དང་བསྟུན་ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ འཛིན་སྐྱོང་རྩོམ་སྒྲིགཔ་དེ་ ཟླ་ངོ་༡ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་ཡོདཔ་ཨིན་པས།
གནས་ཚུལ་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ བརྡ་བརྒྱུད་ལས་ཁང་ཚུ་ལུ་ འདེམས་ངོ་ཚུ་གི་སྐོར་ལས་ གནས་ཚུལ་ག་ནི་ཡང་ གསལ་བཀོད་མ་འབད་ཟེར་ ངག་ཐོག་ལུ་ སླབ་པའི་ཤུལ་ལུ་ པར་སྐྲུན་འབད་ཡོདཔ་ཨིན་པས།
གསར་ཤོག་དེ་གི་ རྩོམ་སྒྲིག་གཙོ་འཛིན་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ གསར་ཤོག་ལས་ཁང་དེ་གིས་ བཙག་འཐུ་བཅའ་ཁྲིམས་ལས་ འགལ་ཡོད་མི་ལུ་ ངོས་ལེན་འབད་དེ་ འཛིན་སྐྱོང་རྩོམ་སྒྲིགཔ་ལུ་ བདག་སྐྱོང་དང་འབྲེལ་བའི་ ངོས་ལེན་དམ་སྒྲིང་འབད་ཡོད་རུང་ བརྡ་བརྒྱུད་ལས་ཁང་དེ་གིས་ བཙག་འཐུ་བཅའ་ཁྲིམས་ཀྱི་ དོན་ཚན་དང་ དགོངས་དོན་ག་ཏེ་ལས་ འགལ་ཡོདཔ་ཨིན་ན་ གསལ་བཀོད་འབད་འབདཝ་མིན་འདུག་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ རྩོམ་སྒྲིགཔ་གིས་ པར་སྐྲུན་གྱི་དོན་ལུ་ གྲ་སྒྲིག་མེད་མི་ གནས་ཚུལ་ཟིན་བྲིས་དེ་ པར་སྐྲུན་འབད་ནུག་ཟེར་ཨིནམ་ད་ བརྡ་བརྒྱུད་འདུམ་འགྲིགཔ་གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ གསར་ཤོག་བཙོང་མ་ཚར་ ལུས་མི་ཚུ་ ལོག་བསྡུ་དགོཔ་ བྱུང་ནུག་ཟེར་ཨིན་པས།
དེ་ལས་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་ཅིག་གིས་ སྤྱི་ཟླ་༣ པའི་ཚེས་༦ གི་ཐོན་རིམ་ནང་ ལྷུན་རྩེ་མཁོ་མ་རྒེད་འོག་གི་གདམ་ངོ་ རིག་འཛིན་རིག་འཛིན་ལུ་བཙུགས་མི་ མི་དགོ་གི་ཚོགས་རྒྱན་༢ ལས་༤༩ ལུ་ ཡར་སེང་དང་ སྒང་ཟུར་རྒེད་འོག་གི་གདམ་ངོ་ ཀུན་དགའ་དཔལ་འབྱོར་ལུ་བཙུགས་མི་ དགོ་གི་ཚོགས་རྒྱན་༢༦༩ ལས་༢༧༥ ལུ་ ག་དེ་སྦེ་ ཡར་སེང་འབད་དེ་ བྲིས་ཡོདཔ་ཨིན་ན་ ཡིག་ཐོག་ལུ་ གསལ་བཤད་འབད་དགོཔ་སྦེ་ བརྡ་བརྒྱུད་འདུམ་འགྲིགཔ་གིས་ ཡི་གུ་ཅིག་བཏང་ནུག།
ཡི་གུ་དེ་ཡང་ ཀུན་གསལ་གྱི་ རྩོམ་སྒྲིགཔ་༢ དང་ གནས་ཚུལ་བསྡུ་བཀོདཔ་དེ་ བརྡ་བརྒྱུད་འདུམ་འགྲིགཔ་ཡིག་ཚང་ནང་སོང་སྟེ་ འཛོལ་བ་ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ གསལ་བཤད་འབད་བའི་ཤུལ་ལས་ བཏང་ཡོདཔ་ད་ ཀུན་གསལ་གྱིས་ ཚོགས་རྒྱན་གྱི་ གྱངས་ཁ་ནང་ ནོར་བ་བྱུང་ཡོདཔ་ ཤེས་རྟོགས་བྱུངམ་ཅིག་ར་ ནོར་བཅོས་འབད་ཡི།
ད་རུང་ ང་བཅས་ཀྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱིས་ ཅ་ནཱལ་༢ པའི་ནང་ ལྷ་སྐྱིད་སྒྲོལ་མའི་ གློག་བརྙན་གསལ་སྟོན་འབད་བའི་སྐོར་ འདུམ་འགྲིགཔ་ཡིག་ཚང་གིས་ བརྡ་དོན་སྤྲོད་ཡོདཔ་ཨིན་པས།
ལས་འཛིན་གྱི་ཡོངས་ཁྱབ་འཛིན་སྐྱོང་པ་ བཀྲིས་རྡོ་རྗེ་གིས་ གནད་དོན་དེ་གི་སྐོར་ལས་ ཡིག་ཚང་གི་ ཆ་རོགས་ཅིག་གིས་ ཁོ་ལུ་ སླབ་དེ་ཟེར་ཨིན་པས། དེ་འབདཝ་ད་ ད་ལྟོ་ ཡིག་ཐོག་དང་ ཡང་ཅིན་ བརྒྱུད་འཕྲིན་ཐོག་ལས་ བརྡ་དོན་ག་ནི་ཡང་ མ་ཐོབ་ལས་ག་ནི་ཡང་ སླབ་མི་ཚུགས་པས་ཟེར་ བཤདཔ་ཨིན་པས།
འབྲུག་གི་བརྡ་བརྒྱུདཔ་མཐུན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བརྡ་བརྒྱུད་འདུམ་འགྲིགཔ་ཡིག་ཚང་གི་ལཱ་དང་ འགན་དབང་ཚུ་ དྭངས་གསལ་བཟོ་དགོཔ་འདུག་ཟེར་ཨིནམ་ད་ བརྡ་བརྒྱུད་ལས་ཁང་ལུ་ འཛོལ་བ་བཟོ་མི་ བརྡ་བརྒྱུདཔ་ཅིག་ལུ་ དང་ལེན་འབད་དགོ་པའི་ ཨུ་ཚུགས་བསྐྱེད་མི་དེ་གིས་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་གྱི་ འགན་དབང་ལས་ འགལ་ཉེན་ཡོད་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ བརྡ་བརྒྱུདཔ་མཐུན་ཚོགས་ཀྱིས་ འཐུས་མི་ཚུ་ལུ་ ཁྱད་རིག་ཅན་གྱི་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ ལཱ་བྱ་འཐབ་ནི་ཚུ་ ག་དེ་དྲག་དྲག་ འཛེམ་དགོཔ་སྦེ་ དྲན་བསྐུལ་འབདཝ་དང་གཅིག་ཁར་ ཁོང་ལུ་ འོས་འབབ་མེད་པའི་ གདོང་ལེན་འབད་ནི་ཚུ་ཡང་ འཛེམ་དགོ་པའི་ ནན་བསྐུལ་འབད་དོ་ཟེར་ཨིན་པས།
བརྡ་བརྒྱུདཔ་རྒན་ཤོས་ཅིག་གིས་ སླབ་མིའི་ནང་ བརྡ་བརྒྱུད་ལུ་ བཀག་འཛིན་དང་ སྒྲིགས་དམ་དྲགས་བཟོ་མི་དེ་གིས་ རང་མོས་དང་ རྣམ་དག་ཐོག་ལས་ བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ ཐོ་ཕོག་ཉེན་ཡོད་མི་དེ་ཡང་ བརྡ་བརྒྱུད་ལས་ཁང་ཚུ་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ ས་ཁོངས་ནང་ གཏང་ནི་ལུ་ སྤྲོ་བ་ཞན་ཏེ་ བཙག་འཐུའི་སྐོར་ གནས་ཚུལ་ཁྱབ་སྤེལ་འབད་མི་ཚུགས་ཟེར་ཨིན་པས།
བརྡ་བརྒྱུད་ལས་ཁང་གཞན་ཚུ་གིས་ཡང་ བཙག་འཐུ་མཇུག་བསྡུཝ་ད་ སྙན་ཞུ་ཕུལ་དགོ་པའི་ ལམ་ལུགས་བཟོ་མི་དེ་ལུ་ཡང་ ཚ་གྱང་བཤདཔ་ཨིན་པས།
ཀུན་གསལ་གྱིས་ བརྒྱུད་འཕྲིན་ཐོག་ལས་ བརྡ་བརྒྱུད་འདུམ་འགྲིགཔ་ལུ་ དྲི་བ་དྲིས་ལན་འབད་ནི་གི་ དཔའ་བཅམ་ད་ འབྲེལ་བ་འཐབ་མ་ཚུགས།
བཙག་འཐུ་ལྷན་ཚོགས་ཀྱིས་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཌོག་ཊར་ཕྱག་རྡོར་དབང་འདུས་དེ་ བརྡ་བརྒྱུད་འདུམ་འགྲིགཔ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ཁོ་ལུ་ ལྷན་ཐབས་འབད་མི་ ཞབས་ཏོག་ལྷན་ཁག་གི་ ཁྲིམས་དོན་འགོ་དཔོན་ མགོན་པོ་ཚེ་རིང་དང་ སྤ་རོ་ལས་ འབྲུག་སོ་ནམ་དང་ ཟ་ཆས་དབང་འཛིན་འགོ་དཔོན་ བཀྲིས་བསམ་གྲུབ་ཨིནམ་ད་ བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་ལས་ འགོ་དཔོན་༢ ཡང་ མི་སྡེའི་བརྡ་བརྒྱུད་ལྟ་རྟོག་པ་སྦེ་ ངོས་འཛིན་འབད་དེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *