བརྡ་བརྒྱུད་ཀྱི་ འགན་ཁུར་ག་ཅི་ཨིན་ན?

༉ དམངས་གཙོའི་རིང་ལུགས་ནང་ འཛམ་གླིང་རྒྱལ་ཁབ་ག་ཏེ་ར་འབད་རུང་ བརྡ་བརྒྱུད་མེད་པ་ཅིན་ གཞུང་སྐྱོང་ལམ་ལུགས་ནང་ དགག་བཤེར་དང་ ཚད་མཉམ་མེད་པའི་ དཀའ་ངལ་འབྱུང་ནི་དང་ བཙག་འཐུ་ཚུ་ཡང་ རང་མོས་དང་ རྣམ་དག་ཐོག་ལས་ འགོ་འདྲེན་འཐབ་མི་ཚུགས།
འདི་འབདཝ་ལས་ བརྡ་བརྒྱུད་འདི་ གཞུང་སྐྱོང་དང་ ཁྲིམས་བཟོ་ དྲང་ཁྲིམས་ལྷན་སྡེ་༣ ཡོད་མིའི་གུ་ ལྷན་སྡེ་༤ པ་སྦེ་ ཆ་འཇོག་འབད་དེ་ཡོདཔ་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ བརྡ་བརྒྱུད་གསར་ཤོག་དང་ རྒྱང་བསྒྲགས་ རྒྱང་མཐོང་ འཕྲུལ་རིག་བརྩིས་པའི་ གནས་ཚུལ་གཞན་ཁྱབ་སྤེལ་ནིའི་ དལ་དབང་གནང་སྟེ་ཡོདཔ་མ་ཚད་ འབྲུག་པའི་མི་སེར་ཅིག་ལུ་ གནས་ཚུལ་གྱི་ ཐོབ་དབང་གནང་སྟེ་ཡོདཔ་ ང་བཅས་ག་ར་གིས་ མ་ཤེསཔ་མེད།
འདི་འབདཝ་ད་ གནས་ཚུལ་གྱི་ ཐོབ་དབང་འདི་ བརྡ་བརྒྱུད་ཀྱིས་ ཁྱབ་སྤེལ་མ་འབད་བ་ཅིན་ མི་སེར་གྱིས་ བརྡ་དོན་ཐོབ་མི་ཚུགས་ནི་དང་ འབྲུག་པའི་མི་སེར་ཅིག་ལུ་ ཚོགས་རྒྱན་བསྐྱུར་ནིའི་ ཐོབ་དབང་གནང་ཡོད་མི་དེ་ཡང་ བརྡ་བརྒྱུད་ཀྱི་ཐོག་ལས་ བརྡ་དོན་མ་སྤྲོད་པ་ཅིན་ རང་སོའི་ཐོབ་དབང་དང་ དལ་དབང་སྤྱོད་མི་ཚུགས།
གནད་དོན་དེ་ལུ་བརྟེན་ བརྡ་བརྒྱུད་འདི་ གཞུང་དང་མི་སེར་གྱི་བར་ན་ ཟམ་བཟུམ་ཅིག་ཨིནམ་མ་ཚད་ བཙག་འཐུའི་སྐབས་ལུ་ ལྟ་རྟོག་པའི་ འགན་ཁུར་འབག་མི་དེ་ཡང་ ང་བཅས་ཀྱི་ བཙག་འཐུའི་བྱ་རིམ་དེ་ དཀའ་ངལ་ག་ནི་ཡང་མེད་པར་ མཐར་འཁྱོལ་ཅན་སྦེ་ འགོ་འདྲེན་འཐབ་ཐབས་ལུ་ཨིན།
ད་རེས་ནངས་པར་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ཐེངས་༣ པའི་དོན་ལུ་ རྫོང་ཁག་༢༠ གི་ནང་ འདེམས་ངོ་ཚུ་གིས་ སྐུལ་བསྒྲགས་འབད་བཞིན་དུ་ཡོདཔ་མ་ཚད་ མི་མང་རྩོད་འགྲན་དང་ སྤྱིར་བཏང་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་བཞིན་དུ་ བརྡ་བརྒྱུད་ཀྱིས་ཡང་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ གནད་དོན་དེ་གི་སྐོར་ལས་ གནས་ཚུལ་ཁྱབ་སྤེལ་འབདཝ་ཨིན།
ཨིན་རུང་ རྫོང་ཁག་ལ་ལོ་ཅིག་ནང་ འདེམས་ངོ་ཚུ་གིས་ བརྡ་བརྒྱུད་ལུ་ ཕན་གྲོགས་འབད་ནི་མེན་པར་ དོགས་པ་ཆགས་ཏེ་ གནས་ཚུལ་བསྡུ་བཀོད་འབད་ནི་ལས་ བཀག་ཆ་འབད་བའི་ མངོན་གསལ་བྱུངམ་མས།
དེ་ཡང་ དཔེར་ན་ ལྷུན་རྩེ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་༥ ཡོད་མི་ལས་ མང་ཤོས་ཅིག་གིས་ སྤྱིར་དོན་འཛོམས་འདུའི་སྐོར་ལས་ བརྡ་བརྒྱུད་ནང་ གནས་ཚུལ་ཁྱབ་སྤེལ་འབད་ནི་ལས་ བཀག་འཛིན་འབད་མི་ལུ་ བལྟ་བ་ཅིན་ ཁོང་རའི་ལྕོགས་གྲུབ་དང་ ཡོན་ཏན་ སྐྱོན་ཚུ་ལུ་ དོགས་སྣང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
ཁ་ཙ་ སྒང་ཟུར་རྒེད་འོག་ལྟེ་བའི་ནང་ སྤྱིར་དོན་འཛོམས་འདུ་ འགོ་འདྲེན་འཐབ་སར་ ཀུན་གསལ་གྱི་ གནས་ཚུལ་བསྡུ་བཀོདཔ་གིས་ གནད་དོན་དེ་གི་སྐོར་ གནས་ཚུལ་ཁྱབ་སྤེལ་འབད་ནི་གི་ དཔའ་བཅམ་ད་ འདེམས་ངོ་ལེ་ཤ་ཅིག་གིས་ གནས་ཚུལ་བསྡུ་ལེན་འབད་ནི་ལས་ བཀག་འཛིན་འབད་ནུག།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་འདི་ བརྡ་བརྒྱུད་དང་ བཙག་འཐུ་ལྷན་ཚོགས་ དེ་ལས་ འདེམས་ངོ་ཚུ་གི་དོན་ལུ་མེན་པར་ རྒྱལ་ཁབ་དང་ མི་སེར་གྱི་དོན་ལུ་ཨིནམ་ལས་ ལྕོགས་གྲུབ་ཅན་གྱི་ འདེམས་ངོ་ཚུ་ བཙག་འཐུ་འགྲུབ་ནིའི་དོན་ལུ་ བརྡ་བརྒྱུད་ཀྱིས་ བརྡ་དོན་སྤྲོད་དགོཔ་དེ་གལ་ཆེ།
འདི་འབདཝ་ལས་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་ཀྱི་ འགན་ཁུར་འདི་ མི་མང་ལུ་ བརྡ་སྤེལ་ནི་དེ་ཨིནམ་ལས་ རྒྱལ་ཡོངས་ཚོགས་སྡེ་དང་ རྒྱལ་ཡོངས་ཚོགས་འདུའི་ འདེམས་ངོ་ཚུ་གིས་ གནས་ཚུལ་ག་ཅི་བཟུམ་འབྲི་དགོཔ་ཨིན་ན་ ཡང་ཅིན་ འབྲི་མ་དགོཔ་ཨིན་ན་ བཙག་འཐུ་ལྷན་ཚོགས་དང་ བརྡ་བརྒྱུད་ཀྱི་འདུམ་འགྲིགཔ་ ཡང་ཅིན་ འདེམས་ངོ་ཚུ་གི་ ཁ་ཐུག་ལས་ སླབ་ནི་གི་ དབང་ཚད་མེདཔ་ཨིནམ་ ཀུན་གྱིས་ཤེས་དགོཔ་འདུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *