འབྲུག་བིན་དྷུ་གློག་མེ་ལས་འགུལ་ལུ་ གོ་རིམ་༢ ཡོད་མི་་ལས་༡ ལག་ལེན་འཐབ་ནི་ཨིན་མི་ རོང་ཆུའི་ས་ཁོངས།

བརྟན་འབྲུག་ལུ་ འབྲུག་བིན་དྷུ་གློག་མེ་ལས་འགུལ་ གང་མགྱོགས་འགོ་བཙུགས་དགོ་པའི་ཞུ་བ།

༉ བསམ་རྩེ་བརྟན་འབྲུག་གི་ མི་སེར་ཚུ་གིས་འབད་བ་ཅིན་ འབྲུག་བིན་དྷུ་གློག་མེ་ལས་འགུལ་གྱི་ བཟོ་སྐྲུན་ལཱ་དེ་ གཞུང་གིས་ འཕྲལ་མགྱོགས་ར་ འགོ་བཙུགས་གནང་བའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ལས་འགུལ་དེ་གིས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ གོ་སྐབས་སྦོམ་སྦེ་ར་ བཟོ་ཚུགས་ཟེར་ གཡུས་མི་དང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཤདཔ་ཨིན་པས།
བརྟན་འབྲུག་ལས་ བཀྲིས་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དངུལ་ཐོག་ཨ་ལཱན་ཅི་གི་ གོང་ཚད་མར་བབས་འགྱོ་བའི་ ནམ་དུས་ལུ་ ལས་འགུལ་དེ་གིས་ ཨ་ལཱན་ཅི་འཛུགས་སྐྱོང་ནང་ མ་རྩ་བཙུགས་མི་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་དགོ་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་ གློག་མེ་ལས་འགུལ་དེ་ ག་ཅི་ར་ འབད་དོ་ཡོདཔ་ཨིན་ན་ གཡུས་མི་ཚུ་ལུ་ ཤེས་རྟོགས་ག་ནི་ཡང་ བྱུང་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལས་འགུལ་དེ་ནང་ ལག་ལེན་འཐབ་བཏུབ་པའི་ སྣུམ་འཁོར་ཊཱག་དང་ བོ་ལེ་རོ་ལེ་ཤ་ཡོདཔ་མ་ཚད་ ལྷག་པར་དུ་ ལཱ་གཡོག་མེད་པའི་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཡང་ འཐོབ་ཚུགས་ནི་མས་ཟེར་ཨིན་པས།
ས་མཚམས་བདའ་སྟེ་བབས་མི་ འབྲུག་བིན་དྷུ་གཙང་ཆུ་གིས་ གློག་མེ་ཐོན་སྐྱེད་འབད་དོ་ཡོདཔ་ལས་ གཙང་ཆུ་དེ་ ལག་ལེན་འཐབ་དགོ་ཟེར་ བཀྲིས་རྡོ་རྗེ་གིས་ བཤདཔ་ཨིན་པས།
ལས་འགུལ་དེ་ བརྟན་འབྲུག་གི་ འབྲུག་བིན་དྷུ་དང་ ཀ་ཆེན་གཙང་ཆུ་༢ འཛོམས་སའི་གཡུས་ཚན་ སེའུ་བཏབ་ལུ་ ངོས་འཛིན་འབད་ཡོདཔ་ད་ འབྲུག་གློག་མེ་ལས་འགུལ་གྱིས་ སྔོན་འགྲོའི་འོས་འབབ་བརྟག་ཞིབ་འབད་དེ་ གློག་ཤུགས་མེ་ག་ཝཱཌ་༡༢ ཐོན་སྐྱེད་ཚུགས་པའི་ གློག་མེ་ལས་འགུལ་གྱི་དོན་ལུ་ གྲོས་འཆར་བྱིན་ཡོདཔ་ཨིན་པས།
ཤུལ་ལས་ གློག་ཤུགས་མེ་ག་ཝཱཌ་༡༨ ལས་༢༠ ལུ་ ཡར་སེང་འབད་ཡོདཔ་བཞིན་དུ་ ད་ལྟོ་ ལས་འགུལ་དེ་གིས་ གློག་ཤུགས་མེ་ག་ཝཱཌ་༣༦ ཐོན་སྐྱེད་འབད་ནི་ཨིནམ་ད་ རྒྱལ་ཁབ་ནང་ འབྲུག་མི་ཚུ་གིས་ གློག་མེ་ལས་འགུལ་བཟོ་སྐྲུན་འབད་ཚུགས་མི་༢ ཡོད་མི་ལས་ གཅིག་ འབྲུག་བིན་དྷུ་གློག་མེ་ལས་འགུལ་ཨིན་པས།
ཀ་ཆེན་གཡུས་ཚན་ལས་ མང་ག་ལེ་ རའི་གིས་ སླབ་མིའི་ནང་ ལས་འགུལ་དེ་ འགོ་བཙུགས་པ་ཅིན་ ཁོ་གི་ སྣུམ་འཁོར་བོ་ལེ་རོ་དེ་ ལཱ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ ད་ལྟོ་ བོ་ལེ་རོ་དེ་ ཁྱིམ་གྱི་དོན་ལས་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ལས་ ལས་འགུལ་དེ་ བརྟན་འབྲུག་རྒེད་འོག་གི་དོན་ལུ་ གོ་སྐབས་སྦོམ་ཅིག་ ཨིན་ཟེར་ཨིན་པས།
བརྟན་འབྲུག་རྒཔོ་ ཉི་མ་འབྲུག་པ་གིས་ སླབ་མིའི་ནང་ ལས་འགུལ་དེ་ ནམ་ཡང་ འགོ་བཙུགས་ནི་མེདཔ་ལས་ འཕྲལ་འཕྲལ་ འཆར་གཞི་ནང་ར་ མེདཔ་འོང་ནི་མས་ཟེར་ མནོཝ་མས་ཟེར་ཨིནམ་ད་ མི་སེར་ག་ར་ ལས་འགུལ་འགོ་བཙུགས་ནི་ལུ་ རེ་བ་བསྐྱེད་དེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ལས་འགུལ་དེ་གིས་ ལཱ་གཡོག་གི་ གོ་སྐབས་བཟོ་ཚུགས་ནི་ ཨིནམ་མ་ཚད་ སོ་ནམ་པ་ཚུ་གིས་ ད་ལྟོ་ ཚོང་འབྲེལ་ལེགས་ཤོམ་སྦེ་ འགྱོ་མ་བཏུབ་མི་ ཨ་ལཱན་ཅི་ལུ་ གཙོ་བོར་བཏོན་མི་དེ་ཡང་ བསྒྱུར་བཅོས་འབད་ཚུགས་ནི་མས་ཟེར་ཨིན་པས།
རྒཔོ་གིས་འབད་བ་ཅིན་ གཡུས་མི་མང་ཤོས་ཀྱིས་ སྐྱིན་འགྲུལ་ལེན་ཞིནམ་ལས་ ཨ་ལཱན་ཅི་ལུ་ མ་རྩ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ད་ལྟོ་ ཨ་ལཱན་ཅི་ཀེ་ཇི་༤༠ ལུ་ དངུལ་ཀྲམ་༢༠,༠༠༠ ཐོབ་མི་དེ་ ཧེ་མར་ དངུལ་ཀྲམ་༧༠,༠༠༠ ཐོབ་མི་དང་ཕྱདཔ་ད་ མར་བབས་སོང་ཡི་ཟེར་ཨིན་པས།
མི་སེར་ཚུ་ སེམས་ནད་འཐོབ་ནི་ཨིནམ་ལས་ གཞུང་གིས་ ལས་འགུལ་དེ་ ག་དེ་མགྱོགས་མགྱོགས་ འགོ་བཙུགས་གནང་དགོ་པའི་ ཞུ་བ་འབད་དོ་ཟེར་ རྒཔོ་གིས་ བཤདཔ་ཨིན་པས།
དྲགོས་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཁ་གསལ་སྙན་ཞུ་དེ་ གོ་རིམ་བཞིན་དུ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ གློག་ཤུགས་མེ་ག་ཝཱཌ་༡༨ འབད་མི་ གོ་རིམ་དེ་ མཇུག་བསྡུ་ཡོདཔ་བཞིན་དུ་ གློག་ཤུགས་མེ་ག་ཝཱཌ་༨ འབད་མི་དེ་ ད་ལྟོ་འབད་བའི་བསྒང་ ཡོད་ཟེར་ཨིན་པས།
འབྲུག་བིན་དྷུ་གློག་མེ་ལས་འགུལ་དེ་ མཇུག་བསྡུ་ཞིནམ་ལས་ བཀྲིས་ཆོས་གླིང་དྲུང་ཁག་དང་ བསམ་རྩེ་ལུ་ གློག་མེ་ཉེན་སྲུང་འབད་ཚུགས་ནི་ཨིནམ་ད་ ལོ་བསྟར་བཞིན་དུ་ གློག་མེ་ཐོན་སྐྱེད་ ཇི་ཌབ་ལུ་ཨེཆ་༨༢ དེ་ཅིག་ ཚོད་རྩིས་བཏོན་མི་དེ་གིས་ རྒྱལ་ཁབ་ནང་འཁོད་ལུ་ ལག་ལེན་འཐབ་མི་ ནང་འཁོད་གློག་མེ་ཉེན་སྲུང་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ ཕྱིར་ཚོང་འཐབ་པ་ཅིན་ རུ་པི་འཐོབ་ནི་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིན་པས།
འབྲུག་བིན་དྷུ་གློག་མེ་ལས་འགུལ་དེ་གིས་ ནང་འཁོད་ལྕོགས་གྲུབ་ཞིབ་དཔྱད་དང་བཟོ་བཀོད་ དེ་ལས་ བཟོ་རིག་དང་ བཟོ་སྐྲུན་ཚུ་ཡང་ ཡར་འཕར་གཏང་ཚུགས་ཟེར་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *