༉ འདས་པའི་བདུན་ཕྲག་ནང་ རྩི་རང་འགྲམ་ཕུག་སློབ་གྲྭ་ལྟེ་བའི་ ཐབ་ཚང་པའི་ནུ་གཅུང་གིས་ སློབ་གྲྭའི་དབུ་འཛིན་ཟླ་བ་ཚེ་རིང་ལུ་ ཉེས་འཛུགས་འབད་མིའི་ རྩོད་དོན་ཐོག་ ཁ་ཙ་ དབུ་འཛིན་གྱིས་ བརྒལ་ལན་ཕུལ་མིའི་ནང་ གནད་དོན་མང་ཤོས་ཅིག་ བདེན་པ་མེད་པའི་ ཧམ་བཤད་རྐྱབ་ཡོདཔ་སྦེ་ ཕུལ་ནུག།
དབུ་འཛིན་ཟླ་བ་ཚེ་རིང་གིས་ཕུལ་མི་ བརྒལ་ལན་ནང་ བཀོད་མི་དང་འཁྲིལཝ་ད་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༢༣ ལུ་ སློབ་གྲྭའི་སོ་ནམ་འགོ་འདྲེན་པ་ སློབ་དཔོན་༦ དང་ ཐབ་ཚང་པ་༣ ཐའི་ལེནཌི་རྒྱལ་ཁབ་ནང་ ཁྱིད་སོང་བའི་ཤུལ་ལུ་ ཐབ་ཚང་པ་ ཧར་ཀ་བྷ་དུར་ སུ་བྷ་དང་ སློབ་དཔོན་ཅིག་ ཁང་མིག་གཅིག་ནང་ ཉལ་ཡོདཔ་བཞིན་དུ་ སྤྱི་ཟླ་༡ པའི་ཚེས་༢༤ ལུ་ དྲོ་པ་འབད་བའི་བསྒང་ལས་ ཐབ་ཚང་པ་དེ་ གར་སོང་མེད་པར་ བྱང་སྟོར་ཤོར་ནུག་ཟེར་ཨིན་པས།
མ་གཞི་ དབུ་འཛིན་དང་ ཆ་རོགས་གཞན་ དེ་ལས་ འབྲུག་པའི་སློབ་ཕྲུག་ཚུ་གིས་ ག་ཏེ་འཚོལ་རུང་ འཚོལ་མ་ཐོབ་ལས་ འབྲུག་གི་གཞུང་ཚབ་ཡིག་ཚང་ནང་ སྙན་ཞུ་འབད་བ་གིས་མ་ཚད་ ཐའི་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ཡང་ འཚོལ་ཞིབ་འབད་ཡི་ཟེར་ཨིན་པས།
ཐབ་ཚངཔ་དེ་ རྩ་ལས་ར་ འཚོལ་མ་འཐོབ་ནི་དེ་གིས་ སྤྱི་ཟླ་༡ པའི་ཚེས་༢༧ ལུ་ འགྲམ་ཕུག་གི་ སློབ་དཔོན་སངས་རྒྱས་ཚེ་རིང་ལུ་ ཁོ་གི་ཕམ་དང་སྤུན་ཆ་ཚུ་ལུ་ སྙན་ཞུ་འབད་དེ་ མོ་བཏབ་རྩིས་བཏབ་ཚུ་འབད་དགོཔ་སྦེ་ སླབ་པའི་ཤུལ་ལས་ཡང་ ཁོང་གི་སེམས་ཁར་ ཚ་གྱང་འབག་སྟེ་ བེང་ཀོག་ལུ་ འགྲུལ་འཕྲིན་གཏང་ནི་ཕར་བཞག་ ཐ་ན་ སྙན་ཞུ་འབད་བར་འོང་མི་ སློབ་དཔོན་དེ་ལུ་ར་ ཁོང་གི་སྤུན་ཆ་དེ་ འཚོལ་མ་འཐོབ་སྐོར་ལས་ མ་དྲིསཝ་ལས་ ཁོང་སྡེ་ཚན་གྱི་ཁ་ཐུག་ལས་ སེམས་ཕམ་སྦོམ་བྱུང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཕམ་སྤུན་ཆ་ཚུ་གི་ ཁ་ཐུག་ལས་འབད་བ་ཅིན་ ཁོང་ལུ་ ཧར་ཀ་བྷ་དུར་ རྩིས་སྤྲོད་འབད་བའི་སྐབས་ དབང་བཙོང་གི་ཐོག་ལས་ རྩིས་སྤྲོད་འབད་ཡི་ཟེར་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཁོང་སློབ་གྲྭ་ནང་ ལྷོད་པའི་བསྒང་ལས་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༨ ལང་ཡོདཔ་ད་ ཕམ་སྤུན་ཆ་ཚུ་གིས་ ཉོགས་བཤད་བཀོད་དེ་ རྩིས་ལེན་མ་བཏུབ་ལས་ དུས་ཚོད་ཕྱིས་མི་དེ་ཡང་ ཁོང་ར་ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་འབད་བ་ཅིན་ མི་ཤི་སྟེ་འབད་རུང་ རོ་རྩིས་སྤྲོད་ས་དེ་ ཕམ་དང་སྤུན་ཆ་ཚུ་ཨིནམ་ད་ ཧར་ཀ་གི་ཐད་ཁར་ མི་སྦེ་ར་ རྩིས་སྤྲོད་ཡོདཔ་ལས་ རྩིས་ལེན་དགོཔ་འོང་ཟེར་ཨིན་པས།
མ་གཞི་ རྩིས་སྤྲོད་འབད་བའི་སྐབས་ལུ་ཡང་ ཕམ་དང་སྤུན་ཆ་ཚུ་གིས་ ནདཔ་དེ་གི་དོན་ལུ་ སྨན་བཅོས་དང་ རིམ་གྲོ་ཚུ་ ག་དེ་སྦེ་འབད་ནི་ཨིན་ནའི་སྐོར་ལས་ བསྟུན་གྲོས་འབད་བའི་ རེ་བ་བསྐྱེད་ཡོདཔ་ལས་ ཁོང་ར་ནང་དོག་ བསྟུན་གྲོས་མ་བཏུབ་བཏུབ་སྦེ་ འབད་ཡི་ཟེར་ཨིན་པས།
ཨིན་རུང་ བཟའ་ཚང་ནང་མི་ཚུ་གི་ཁ་ཐུག་ལས་ ཧར་ཀ་བྷ་དུར་དེ་ མི་མ་དགོ་མི་ཅིག་ བདའ་བཏང་སྟེ་ ལོག་ཁྱིད་དེ་ འོང་འོངམ་བཟུམ་སྦེ་ རང་གི་མི་དེ་ རྩིས་ལེན་མི་ཚུགས་ཟེར་ ཉོགས་བཤད་བཀོད་པའི་ཤུལ་ལུ་ བསྟུན་གྲོས་འབད་མི་དེ་ཡང་ དེ་ཅིག་སྦེ་ མཚམས་འཇོག་འབད་དགོཔ་བྱུང་ཡི་ཟེར་ བརྒལ་ལན་ཕུལ་ནུག།
དེ་མ་ཚད་ ཁོ་བྱང་སྟོར་ཤོར་བའི་སྐབས་ ལགཔ་ཁར་ ཏི་རུ་ཤི་ཀི་ཅིག་ཡང་ མེད་དེ་འབད་རུང་ ལོག་ཅ་ལ་དང་གཅིག་ཁར་ རྩིས་སྤྲོད་འབད་བའི་བསྒང་ལས་ ཐའི་གི་ཏི་རུ་ ལེ་ཤ་འབག་སྟེ་ཡོདཔ་ལས་ དེ་ཚུ་ཁོ་ལུ་ ག་གིས་བྱིན་ཡོདཔ་ཨིན་ནའི་ ཁུངས་སྐྱེལ་དགོ་ཟེར་ཨིན་པས།
ཧར་ཀ་བྷ་དུར་གྱི་ ཕོ་རྒནམ་གིས་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ དབུ་འཛིན་གྱིས་ ལཱ་འབད་མི་དགོ་ ཤེས་རིག་འགོ་དཔོན་འབད་ས་སོང་ཟེར་བའི་ ཉེས་འཛུགས་དེ་ཡང་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ དབུ་འཛིན་གྱི་ཁ་ཐུག་ལས་ ཧར་ཀ་གིས་ སྨན་བཅོས་འབད་བ་ཅིན་ ལམ་ལུགས་དང་འཁྲིལ་ཏེ་ སྨན་བཅོས་འབད་བའི་ ཡིག་ཆ་ཚུ་འབག་ཤོག་ཟེར་ སླབ་ཅི་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་ཕམ་དང་སྤུན་ཆ་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ ལོག་སྟེ་གཡོག་ནང་འཛུལཝ་ད་ ཁོང་དང་གཅིག་ཁར་ འཛོམས་ཐོག་ ཧིང་སངས་ས་བཟོ་སྟེ་ བཙུགས་ནི་ཨིནམ་ལས་ འཁྱིད་ཤོག་ཟེར་ ཡང་བསྐྱར་སླབ་རུང་ ངོས་ལེན་འབད་མ་བཏུབ་ལས་ དབུ་འཛིན་གྱིས་ ཉིན་གྲངས་དེ་ཅིག་ནང་ ཁྱོད་རའི་ཕམ་སྤུན་ཆ་ཚུ་ འཁྱིད་འོང་ནི་མེད་པ་ཅིན་ ཤེས་རིག་ཡིག་ཚང་ནང་ ཡི་གུ་གཏང་ནིའི་ ཉེན་བརྡ་བྱིན་ནི་ཟེར་ཨིན་པས།
དབུ་འཛིན་གྱིས་ འཐོན་སོང་ཟེར་ ལཱ་གཡོག་ནང་ལས་ བཏོན་བཏངམ་བཞིན་དུ་ སྤྱི་ཟླ་༣ པའི་ཚེས་༣ ལུ་ དངུལ་ཕོགས་མི་ཐོབ་ཟེར་མིའི་ཐད་ཁར་ དབུ་འཛིན་གྱིས་ ལཱ་གཡོག་ནང་ལས་ བཏོན་གཏང་ནི་གི་ དབང་ཚད་མེདཔ་ལས་ དེ་ཡང་ མི་བདེན་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་ལུ་སྤྲོད་མི་ ཡི་གུ་དེ་ ག་ཏེ་ལས་ཐོབ་ཅི་ག་ ཁོ་ལུ་ག་གིས་སྤྲོད་ཅི་ག་ དེ་ཚུ་ ཁྲིམས་འདུན་ལུ་ རྩིས་ཕུལ་ཏེ་ ཁྲིམས་ཞབས་ལས་ དབྱེ་ཞིབ་མཐིལ་ཕྱིན་མཛད་ཞིནམ་ལས་ གལ་སྲིད་ མ་བདེན་པ་ཅིན་ ཁོ་ལུ་བཀལ་མི་ འབའ་དང་ཉེས་བྱ་ཚུ་ ཧར་ཀ་བྷ་དུར་ལུ་ བཀལ་དགོཔ་སྦེ་ ཞུ་ནུག།
དེ་བཟུམ་སྦེ་ ཕོ་རྒནམ་དེ་གིས་ ཧར་ཀ་བྷ་དུར་དེ་ སོ་ནམ་གྱི་ སློབ་དཔོན་ཨིནམ་བཟོ་སྟེ་ ཁྱིད་ནུག་ཟེར་བའི་ ཉེས་འཛུགས་དེ་ཡང་ སློབ་གྲྭའི་ཐབ་ཚངཔ་༣ ཁྱིད་དེ་ཡོདཔ་ལས་ དེ་སྦེ་བཟོ་སྟེ་ ཁྱིད་ཡོད་པའི་ སྒྲུབ་བྱེད་ཡིག་ཆ་ཚུ་ ཁྲིམས་ཞབས་ལུ་ རྩིས་སྤྲོད་དགོཔ་སྦེ་ ཞུ་ཡོདཔ་ཨིན་པས།
ཉེས་འཛུགས་ཅིག་ ཧར་ཀ་བྷ་དུར་ སུ་བྷ་དེ་ རྒྱལ་ཁབ་ནང་ལས་ ཁྱིད་འགྱོ་བའི་སྐབས་ ལེགས་ཤོམ་སྦེ་ ཁྱིད་སོང་ཡོདཔ་ཨིན་རུང་ ལོག་འོངམ་ད་ ལེགས་ཤོམ་མིན་འདུག་ཟེར་མི་དེ་ ཁོང་གིས་ ལཱ་ཁག་སྦེ་ མེདཔ་བཏང་པར་ ཁྱིད་ཁྱིདཔ་མེན་ཟེར་ཞུ་ཡོདཔ་ཨིན་པས།
ཧར་ཀ་བྷ་དུར་ བྱང་སྟོར་ཤོར་བའི་ ཉིནམ་ལས་དང་ ཁོ་གི་གཟུགས་ཁར་ གནོད་སྐྱོན་བྱུང་སྟེ་ བཟའ་ཚང་ནང་མི་ཚུ་ལུ་ ཕོག་མི་ཚ་གྱང་དེ་ ཁོ་ལུ་ཡང་ ཕོག་ཅི་ཟེར་ཨིན་པས།
ད་རུང་ ཡིག་ཚང་བཀའ་རྒྱ་ནང་ ཧར་ཀ་བྷ་དུར་གྱིས་ དེ་བཟུམ་འབད་མི་དེ་གིས་ རྩི་རང་རྫོང་ཁག་དང་ ཤེས་རིག་གི་བཟའ་ཚང་གི་ མིང་གཏམ་མེདཔ་བཏང་ཡི་ཟེར་མི་དེ་ ཁོ་ལུ་ སྐྱོན་བརྗོད་འབད་ཡོདཔ་ལས་ ངེས་པར་དུ་ ཡིག་ཆའི་ཐོག་ལས་ གསལ་སྟོན་འབད་དགོཔ་ ཁག་ཆེ་ཟེར་ བརྒལ་ལན་ཕུལ་ཡོདཔ་ ཨིན་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།