༉ ཐིམ་ཕུག་བར་སྦིས་ས་ལུ་ སྣུམ་འཁོར་ཊཱག་བཞག་ས་ཅིག་ འཕྲལ་ཁམས་ཅིག་ཁར་ བཟོ་སྐྲུན་འབད་མི་དེ་ནང་ ཊཱག་༡༠༠ དེ་ཅིག་ ཤོང་ནི་ཨིན་པས།
ཐིམ་ཕུག་ཁྲོམ་སྡེའི་ བཟོ་རིག་གཙོ་འཛིན་ ཀརྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁྲོམ་སྡེ་ལུ་ ཁྲོམ་གྱི་ཕྱི་ཁར་ སྣུམ་འཁོར་བཞག་སའི་ ས་ཁོངས་སྦོམ་ དགོཔ་ཡོད་ཟེར་ཨིནམ་ད་ ད་ལྟོ་ བར་སྦིས་ས་ལུ་ སྣུམ་འཁོར་བཞག་ས་ བཟོ་མི་ཡོདཔ་ལས་ ཊཱག་ཚུ་ ཁྲོམ་གྱི་ས་གོ་གཙོ་ཅན་ནང་ རྒྱུན་འགྲུལ་འཐབ་སྟེ་ རྒྱུན་འགྲུལ་བཀག་ཐོགས་ཀྱི་ དཀའ་ངལ་ལུ་ ལྷན་ཐབས་འབད་མི་དེ་ བཀག་ཚུགས་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་ཊཱག་ཚུ་ ས་གནས་གཞན་ཁ་ལས་ ཅ་ཆས་སྐྱེལ་འདྲེན་འབད་བའི་ཤུལ་ལས་ ཐིམ་ཕུག་ལུ་ ནུབ་མོ་ཊཱག་བཞག་སའི་ ས་ཁོངས་ཅིག་ དགོས་མཁོ་བྱུང་མི་ལུ་བརྟེན་ བར་སྦིས་ས་ལུ་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
ཧེ་མ་ ལྕང་ཟམ་ཏོག་ལུ་ཡོད་མི་ ཊཱག་བཞག་ས་དེ་ ལག་བཟོ་བཙོང་སའི་ ཚོང་ཁྲོམ་བཟོ་ནི་ཨིནམ་ད་ ད་ལྟོ་ ཏཱཇ་བཀྲིས་ཟ་ཁང་གི་ གདོང་ཕྱོགས་ལུ་ཡོད་མི་ ལག་བཟོ་ཚོང་ཁང་ཚུ་ ཧེ་མའི་ཊཱག་བཞག་སའི་ ས་ཁོངས་ནང་ སྤོ་བཤུད་འབད་ནི་ཨིན་པས།
ཀརྨ་རྒྱ་མཚོ་གིས་ སླབ་མིའི་ནང་ ཁྲོམ་སྡེ་གིས་ ཊཱག་གི་དེད་གཡོགཔ་ཚུ་ལུ་ རང་སོའི་སྣུམ་འཁོར་ཊཱག་ཚུ་ བར་སྦིས་ས་ལུ་ ཊཱག་གི་ས་ཁོངས་གསརཔ་བཟོ་མི་དེ་ནང་ བཞག་དགོ་པའི་སྐོར་ བརྡ་བསྐུལ་འབད་དེ་ ཟླཝ་༢ དེ་ཅིག་ ལང་སོ་རུང་ དེད་གཡོགཔ་ལ་ལོ་ཅིག་གིས་ ཁོང་རའི་ཊཱག་ཚུ་ ཧེ་མའི་ས་གོ་ནང་རང་ བཞག་ནི་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཊཱག་བཏང་མི་ཚུ་ལུ་ རང་སོའི་ཊཱག་ཚུ་ ས་ཁོངས་གསརཔ་ནང་ བཞག་དགོ་པའི་སྐོར་ གོ་བརྡ་སྤྲོད་ཐབས་ལུ་ ཁྲིམས་སྲུང་འགག་སྡེ་ལས་ རྒྱབ་སྐྱོར་ལེན་དོ་ཟེར་ཨིན་པས།
ཁྲོམ་སྡེ་གིས་ མ་འོངས་པ་ལུ་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་དེ་ཡང་ བཞག་འཐུས་ལེན་ནི་གི་ འཆར་གཞི་བརྩམ་དོ་ཡོད་པའི་གནས་ཚུལ།

ཟླཝ་༢ དེ་ཅིག་གི་ཧེ་མར་ བཟོ་སྐྲུན་འབད་ཚར་མི་ བར་སྦིས་ས་སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་གསརཔ།