༉ ཕུན་ཚོགས་གླིང་ལུ་ དངུལ་ཐོག་ཨ་ལཱན་ཅི་ ཚོང་འབྲེལ་འཐབ་མི་ཚུ་གིས་ ད་རེས་ནངས་པར་ ཨ་ལཱན་ཅིའི་ གོང་ཚད་མར་འབབ་འགྱོ་དོ་ཡོད་མི་དེ་ཡང་ བར་ཚོང་པ་ཚུ་གིས་ གཡོ་བཅོས་ལེ་ཤ་འབད་མི་ལུ་བརྟེན་ཨིན་མས་ཟེར་ བཤདཔ་ཨིན་པས།
ལ་ལོ་ཅིག་གིས་འབད་བ་ཅིན་ འབྲུག་མི་ཚོང་འབྲེལ་པ་ཚུ་གི་དོན་ལུ་ ལཱ་འབད་མི་ ས་མཚམས་ཕྱི་ཁའི་ བང་ཚོང་པ་དག་པ་ཅིག་ ཁ་བསྡོམས་མི་ལུ་བརྟེན་ ཨ་ལཱན་ཅིའི་ ཚོང་འབྲེལ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།
འདས་པའི་ཉིནམ་དང་ཕྱདཔ་ད་ ཁ་ཙ་ ཨ་ལཱན་ཅིའི་གོང་ཚད་དེ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༨༠ ལུ་ མར་བབས་སོང་ཡོདཔ་ད་ཉིནམ་དག་པ་ཅིག་གི་ཧེ་མར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ སྦེ་ སྡོད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ཁྲོམ་ཁར་ སེངྒེ་ནང་འདྲེན་དང་ ཕྱི་ཚོང་ལས་སྡེའི་ སེངྒེ་དབང་འདུས་ཀྱིས་ སླབ་མིའི་ནང་ སི་ལི་གུ་རི་ལས་ ཨ་ལཱན་ཅི་ ཉོ་མི་ཚུ་གིས་ ཨ་ལཱན་ཅི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༥༠ དང་༥༧༠ དེ་རེ་ བྱིན་དོ་ཡོདཔ་ཨིན་རུང་ ཕུན་ཚོགས་གླིང་ལུ་ མི་ལ་ལོ་གིས་ གོང་ཚད་ཚུ་ གཡོ་བཅོས་འབདཝ་མས་ཟེར་ཨིནམ་ད་ གོང་ཚད་ལུ་ བར་ཆད་རྐྱབ་མི་ མི་༧ དེ་ཅིག་འདུག་ཟེར་ཨིན་པས།
ཨ་ལཱན་ཅི་ཉོ་མི་ཚུ་གིས་ ང་བཅས་ལས་ ཉོ་ནི་གི་ སྤྲོ་བ་མེདཔ་སྦེ་ ང་བཅས་ལུ་ སླབ་དེས་ཟེར་ སེངྒེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨ་ལཱན་ཅིའི་ ཚོང་འབྲེལ་དེ་ ལོག་སྟེ་ར་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་འབད་རུང་ བཏུབ་པས་ཟེར་ཨིནམ་ད་ དེ་ཡང་ གོང་ཚད་རིན་བསྡུར་ མཐོ་ཤོས་བཀོད་མི་ཚུ་གིས་ སོ་ནམ་པ་ཚུ་ལས་ ཉོ་འབག་འོང་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ ཨ་ལཱན་ཅིའི་གོང་ཚད་དེ་ བསམ་རྩེ་བསྟན་འབྲུག་ལུ་ ལེགས་ཤོམ་ཐོབ་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༢༥ ཐོབ་མི་ལུ་ལྟཝ་ད་ ཕུན་ཚོགས་གླིང་ལུ་ གོང་ཚད་དེ་ གཡོ་སྒྱུ་འབད་འབདཝ་བཟུམ་མཐོངམ་མས་ཟེར་ བཤདཔ་ཨིན་པས།
དུས་ཅི་ རྒྱལ་ཁབ་ནང་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་མི་དང་ ཚོང་པ་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་མེད་མི་དེ་ཡང་ དུས་ཅི་ སྤྱི་ཟླ་༢ པའི་ནང་ ཨ་ལཱན་ཅིའི་ གོང་ཚད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༥༠ རེ་ ཐོབ་ཡོད་རུང་ ད་རེས་ དངུལ་ཀྲམ་༤༥༠ ལུ་ མར་བབས་སོང་མི་ལུ་བརྟེན་ཨིན་པས།
འབྲུག་ཕྱིར་ཚོང་ལས་སྡེའི་ཇོ་བདག་ རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ ཁ་བསྡོམས་ཏེ་ གོང་ཚད་ལུ་ གཡོ་བཅོས་འབད་ནི་མེད་རུང་ ཕྱིར་ཚོང་འཐབ་མི་ འབྲུག་མི་ཚུ་གི་དོན་ལུ་ ལཱ་འབད་མི་ཚུ་གིས་ ཚུལ་མིན་འབད་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་ཕོགཔ་མས་ཟེར་ཨིན་པས།
རིགའཛིན་རྡོ་རྗེ་གིས་འབད་བ་ཅིན་ ད་རེས་ གོང་ཚད་མར་བབས་སོང་མི་དེ་ དུས་ཅི་ ཨ་ལཱན་ཅིའི་ ཐོན་སྐྱེད་ཡར་སེང་སོང་མི་ལུ་བརྟེན་ཨིནམ་བཟུམ་ཅིག་འདུག་ཟེར་ཨིནམ་ད་ ཐོན་སྐྱེད་མངམ་ཡོད་པ་ཅིན་ རང་བཞིན་གྱིས་ར་ གོང་ཚད་དེ་ མར་འབབ་འགྱོ་འོང་ཟེར་ བཤདཔ་ཨིན་པས།
ཆུ་ཁ་དར་ལ་ལས་ སྒང་ཏོག་འབྲུག་པ་གིས་ སླབ་མིའི་ནང་ ཁོ་ལུ་ ཨ་ལཱན་ཅི་ ཀེ་ཇི་༡༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོད་རུང་ ཕུན་ཚོགས་གླིང་ལུ་ བཙོང་པ་འགྱོ་ནི་ལས་ བཤོལ་བཞག་མི་དེ་ཡང་ གོང་ཚད་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༢༥ ལས་ མར་བབས་སོང་མི་ལུ་བརྟེན་ཨིན་ཟེར་ བཤདཔ་ཨིན་པས།
སྤྱི་ཟླ་༨ པའི་ནང་ ཚོང་པ་ཚུ་གིས་ རྒྱལ་ཁབ་ནང་ལས་ སྤུས་ཚད་མེད་པའི་ ཨ་ལཱན་ཅི་ ཐོན་སྐྱེད་འབད་ཡོད་པའི་སྐོར་ལས་ བརྡ་བརྒྱུད་ནང་ སླབ་ཡོདཔ་བཞིན་དུ་ ཨ་ལཱན་ཅི་ཚུ་ཡང་ བང་ལ་དེཤ་ལུ་ བཙོང་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ ཨ་ལཱན་ཅི་ཚོང་པ་ཚུ་གིས་ བཤད་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྤུས་ཚད་མེད་པའི་ ཨ་ལཱན་ཅི་ལྷོད་མི་དེ་ ནེ་པཱལ་དང་ རྒྱ་གར་ཨ་སམ་ལས་ ནང་འདྲེན་འབད་དོ་བཟུམ་འདུག་ཟེར་ཨིནམ་ད་ ཨ་ལཱ་ཅི་ཚུ་ཡང་ སི་ལི་གུ་རི་ལུ་ ཕྱི་སེལ་རྐྱབ་སྟེ་ སྤུས་ཚད་ལེགས་ཤོམ་མེད་མི་ ཨ་ལཱན་ཅི་ ཆུང་ཀུ་ཚུ་ ཕུན་ཚོགས་གླིང་ལུ་ འབག་འོངམ་ད་ ཁྲལ་མི་ཕོག་དོ་ཡོད་མི་དེ་ཡང་ འབྲུག་པའི་ཨ་ལཱན་ཅི་ཚུ་ བང་ལ་དེཤ་ལུ་ ཕྱིར་ཚོང་འཐབ་པའི་སྐབས་ ཁྲལ་ཕོག་ནི་མེདཔ་ཨིན་པས།
ཕུན་ཚོགས་གླིང་གི་ ཚོང་པ་ཚུ་གིས་འབད་བ་ཅིན་ སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་ཚུ་ བཙོང་པར་འབག་འོངམ་ད་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ལྟ་རྟོག་ལེགསས་ཤོམ་འབད་དགོཔ་འདུག་ཟེར་ཨིནམ་ད་ དེ་མིན་ སོ་ནམ་པ་ཚུ་ མགུ་སྐོར་འོག་ལུ་ ཚུད་ནི་དང་ ལ་ལོ་གིས་ མགུ་སྐོར་ཡང་ རྐྱབ་མས་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།