ས་གནས་ཀྱི་ མི་ཚུ་གིས་འབད་བ་ཅིན་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་ དོགས་པ་ཡོདཔ་ཨིན་པས།

བར་མཚམས་ལུ་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་ཐལ་བར་བརླགས་བཏང་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༡༧ གྱི་ དྲོ་པའི་ཆུ་ཚོད་༡༡ དེ་ཅིག་ཁར་ བཀྲིས་སྒང་ བར་མཚམས་ ཐུམ་བུར་ཐུང་ལུ་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་བའི་སྐབས་ མི་ལུ་གནོད་སྐྱོན་ ག་ནི་ཡང་ མ་བྱུང་རུང་ མེ་རྐྱེན་དེ་ ག་ཅི་ལུ་བརྟེན་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེད་པའི་ཁར་ ས་གནས་ཀྱི་ མི་སེར་ཚུ་གིས་འབད་བ་ཅིན་ གློག་མེ་ལུ་བརྟེན་ བྱུང་བྱུངམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
ཚེ་རིང་ལ་གིས་ ཁྱིམ་གྱི་སྒོ་སྒྲིག་ནང་ལས་ དུ་པ་ཐོན་ས་མཐོང་སྟེ་ ཁོ་གིས་ རྐྱེན་ངན་སྐོར་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་བའི་ཤུལ་ལུ་ ས་གནས་ཁར་ ལྷོད་དེ་བལྟ་བའི་བསྒང་ལས་ མེ་ཤུགས་སྦེ་ར་ འབར་ཡོདཔ་ལས་ སྲུང་སྐྱོབ་ཀྱི་ཐབས་ལམ་ ག་ནི་ཡང་ འབད་མ་ཚུགས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
རྐྱེན་ངན་བྱུང་པའི་སྐབས་ ཁྱིམ་གྱི་ཇོ་བདག་དང་ ས་གནས་ཀྱི་ མི་སེར་མང་ཤོས་ཅིག་ བར་མཚམས་སློབ་གྲྭ་ལྟེ་བའི་ནང་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་ བརྩི་སྲུང་ཞུ་སར་ སོང་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་པའི་ སྙན༌ཞུ༌ལྷོདཔ་ཅིག་ དེ་འཕྲོ་ལས་ རྒྱལ་ཡོངས་དུས་ཆེན་ནང་ བཅའ་མར་གཏོགས་མི་ ཁྲིམས་སྲུང་འགག་སྡེ་དང་ བདེ་སྲུངཔ་ཚུ་ མེ་རྐྱེན་ཚད་འཛིན་འབད་ནིའི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ མེ་བསད་སྣུམ་ཏའཁོར་དེ་ བཀྲིས་སྒང་ལས་ ས་གནས་ཁར་ སྐར་མ་༣༠ གི་ ཤུལ་ལས་རྐྱངམ་གཅིག་ ལྷོད་ཡོདཔ་ཨིན་པས།
ཁྱིམ་གྱི་ཇོ་བདག་ བསྟན་འཛིན་གྱིས་ སླབ་མིའི་ནང་ ཁོ་གི་ཁྱིམ་ནང་ ཚོང་ཁང་བཙུགས་སྡོད་མི་ཡོད་ཟེར་ཨིནམ་ད་ ཁྱིམ་གྱི་ཕྱི་ཁར་ ཞིང་རྨོ་འཕྲུལ་ཆས་ པ་ཝར་ཊི་ལར་ཅིག་ བཞག་མི་དེ་མ་གཏོགས་ རྒྱུ་དངོས་གཞན་ ག་ནི་ཡང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ འབད་བ་ཅིན་ ཚོང་ཁང་ནང་ ཚོང་གི་མ་དོ་བར་ གེ་ཟ་དང་ སྲནམ་ཅུམ་ཚུ་ཡང་ བཙོང་ནིའི་དོན་ལུ་ གྲ་སྒྲིག་འབད་ བཞག་སྟེ་ཡོད་ཟེར་ཨིནམ་བཞིན་དུ་ མེ་རྐྱེན་གྱིས་ དངུལ་ཀྲམ་ས་ཡ་༢ དེ་ཅིག་ གནས་པའི་རྒྱུ་དངོས་ཚུ་ ཐལ་བར་བརླགས་བཏང་ནུག་ཟེར་ཨིན་པའི་གནས་ཚུལ།

ཨྱོན་རྡོ་རྗེ་དང་ ཡོན་ཏན་ཚེ་གྲུབ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *