༉ བཀྲ་ཤིས་སྒང་ བར་མཚམས་རྒེད་འོག་གིས་ མི་དགོ་ཟེར་མི་ཚོགས་རྒྱན་༤༡ དང་ དགོ་ཟེར་མི་ཚོགས་རྒྱན་༢༡༥ ཐོབ་སྟེ་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ དོ་འགྲན་འབད་མི་ མི་ངོམ་རྐྱངམ་གཅིག་ལས་མེད་མི་ ཨོ་རྒྱན་ཕུན་ཚོགས་དེ་ ཁ་ཙ་ འགོ་འདྲེན་འཐབ་མི་ གདམ་ངོའི་འཛོམས་འདུ་ནང་ གདམ་འཐུ་འབད་ནུག།
སྐྱེས་ལོ་༢༥ ལང་མི་ བཀྲ་ཤང་སྤྱི་འོག་ལས་ཨིན་མི་ དང་འདོད་ཅན་གྱི་མི་ངོམ་དེ་གིས་ ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ སྤྱི་ལོ་༢༠༡༥ ལུ་ དཔལ་འབྱོར་དང་མི་རློབས་ཞིབ་འཚོལ་ཆོས་ཚན་ནང་ལས་ མཐོ་རིམ་ཤེ་ཚད་ མཐར་འཁྱོལ་བྱུང་ཡོདཔ་ད་ མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་བའི་ཤུལ་ལས་ གཡུས་ཁར་ སྒོ་ནོར་གསོ་སྐྱོང་འགོ་འདྲེན་འཐབ་ སྡོད་སྡོདཔ་ཨིན་པས།
བར་མཚམས་སློབ་གྲྭ་ལྟེ་བའི་ ཚོགས་ཁང་ནང་སྦེ་ འགོ་འདྲེན་འཐབ་མི་ གདམ་འཐུའི་སྐབས་ མི་ངོམ་༢༥༦ གིས་ ཚོགས་རྒྱན་བཙུགས་པར་འོང་ཡོདཔ་ཨིན་པས།
ཚོགས་རྒྱན་བཙུགས་པར་ལྷོད་མི་ དང་པ་དེ་ར་ བཀྲ་ཤང་སྤྱི་འོག་ནང་ལས་ སྐྱེས་ལོ་༦༩ ལང་མི་ ཨུ་ཅི་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཚོགས་རྒྱན་དེ་ ག་ནི་བ་ཁག་ཆེ་ནི་དེ་གིས་ ཁྱིམ་ནང་ལཱ་ཡོད་རུང་ བཀོག་བཞག་སྦེ་ འོང་ཡི་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་གཞན་ རྡོ་རྗེ་གིས་ སླབ་མའི་ནང་ ད་ལྟོ་ བཅའ་མར་གཏོགས་མི་ མི་ངོམ་ཕུད་རྡོག་གཅིག་ལས་མེད་ནི་དེ་གིས་ གདམ་ཁ་རྐྱབ་ནི་ལུ་ འཇམ་ཏོང་ཏོ་ཡོདཔ་ད་ ང་རའི་རེ་བ་དེ་ འཕྲུལ་ཆས་གུ་ པར་ལེ་ཤ་ མཐོང་ཚུགས་པའི་རེ་བ་ཡོད་རུང་ གཅིག་ལས་བརྒལ་མེདཔ་ད་ ཤུལ་མའི་ནང་ གདམ་ཁ་མངམ་མཐོང་བའི་རེ་བ་ཡོད་ཟེར་ ཨིན་པས།
རྒེད་འོག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ བར་མཚམས་རྒེད་འོག་ནང་ ན་ཧིང་དང་ཕྱདཔ་ད་ ཚོགས་རྒྱན་བཙུགས་པར་འོང་མིའི་གྱངས་ཁ་དེ་ དུས་ཅི་ དུམ་གྲ་ཅིག་ ཡར་སེང་སོང་ནུག་ཟེར་ཨིན་པས།
དེ་དང་གཅིག་ཁར་ གཡང་གཉེར་དང་ མཁའ་གླིང་ དེ་ལས་ སག་སྟེང་རྒེད་འོག་༣ ནང་ཡང་ གདམ་ངོའི་འཛོམས་འདུ་ཚུ་ ཁ་ཙ་ འགོ་འདྲེན་འཐབ་ཡོད་རུང་ རྒེད་འོག་ཚུ་ནང་ལས་ བཅའ་མར་བཏོགས་མི་ དང་འདོད་ཅན་གྱི་ འདེམས་ངོ་ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།
བཀྲ་ཤིས་སྒང་རྫོང་ཁག་ནང་ རྒེད་འོག་༡༥ དང་ ཁྲོམ་ཚུ་བསྡོམས་ད་ རྒེད་འོག་༨ ནང་ ཉུང་ཤོས་ར་ དང་འདོད་ཅན་གྱི་ འདེམས་ངོ་རེ་རེ་ཡོདཔ་ད་ དེ་ཡང་ ར་ལྡི་ལུ་འདེམས་ངོ་༢ དང་ གཞན་རྒེད་འོག་༧ ནང་ འདམ་ངོ་རེ་རེ་ལས་ མེདཔ་ཨིན་པས།
དེ་ལས་ གཞན་ལྷག་ལུས་རྒེད་འོག་ ཕོངས་མེད་དང་ རྐང་པར་ གཡང་གཉེར་ མཁའ་གླིང་ མེ་རག་ སག་སྟེང་ བཀང་ལུང་དང་ ཁྲོམ་ཚུ་ནང་ལས་ འདེམས་ངོ་ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ རྫོང་ཁག་འོག་གི་ གདམ་ངོའི་འཛོམས་འདུ་ཚུ་ སྤྱི་ཟླ་༣ པའི་ཚེས་༥ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།