བཟོ་སྐྲུན་ལས་སྡེ་ལུ་ གདོང་ལེན་ཡར་སེང་།

༉ འདས་པའི་ལོ་༣ གྱི་ ནང་འཁོད་ལུ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ བཟོ་སྐྲུན་དང་ཁག་འབག་དང་འབྲེལ་བའི་ དངུལ་ཀྲམ་ཐེར་འབུམ་༡.༢ གནས་པའི་ རྩོད་རྙོགས་ཁག་༤༣ སེལ་ཡོདཔ་ཨིན་པས།
བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་ངོ་༣ གྱི་ནང་ བཟོ་སྐྲུན་དང་འབྲེལ་བའི་ རྩོད་རྙོགས་རྒྱ་ཆེཝ་སྦེ་ར་ ཡར་སེང་སོང་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༥ དང་༢༠༡༦ གི་བར་ན་ རྩོད་དོན་༡༠ ཡོད་མི་ལས་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་བར་ན་ རྩོད་དོན་༡༧ ལུ་ ཡར་འཕར་སོང་ནུག།
ཨིན་རུང་ ཉོགས་འཛིན་ནང་འབྲེལ་བ་ཡོད་མི་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ བར་འཛུལ་ཐོག་ བདེ་སྒྲིག་བཟོ་མི་ ལཱ་གི་གནས་གོང་དེ་ འདས་པའི་ལོ་ངོ་མང་རབས་ཅིག་དང་ཕྱདཔ་ད་ ལེ་ཤ་ཅིག་གིས་ མར་བབས་སོང་ཡོདཔ་ཨིན་པས།
འདས་པའི་ལོ་༣ གྱི་ རྩོད་དོན་ཚུ་གི་གྲས་ལས་༡༠ དེ་ དངུལ་ཀྲམ་ས་ཡ་༥༧༨.༤ དེ་ཅིག་དང་ སྤྱི་ལོ་༢༠༡༦-༡༧ ལུ་ སེལ་ཐབས་འབད་མི་ རྩོད་དོན་༡༦ དེ་ དངུལ་ཀྲམ་ས་ཡ་༣༥༧.༡ གི་རྩིས་ཨིནམ་ད་ འདས་པའི་ལོ་ནང་ སེལ་སྒྲིག་འབད་མི་ རྩོད་དོན་ཁག་༡༧ དེ་ དངུལ་ཀྲམ་ས་ཡ་༢༨༡.༥ དེ་ཅིག་ཨིན་པས།
ཉོགས་འཛིན་གྱི་ རྩོད་དོན་ཚུ་གི་གྲས་ལས་ ལཱ་གི་དུས་ཚོད་ཡར་སེང་འབད་མི་དང་ དངུལ་རྩིས་སྒྲིག་འབད་མིའི་ནང་ ཁྱད་པར་ཐོན་མི་ དེ་ལས་ ལྷན་ཐབས་ལཱ་དང་ ཁག་འབག་ཆ་མེད་བཏང་མི་ དེ་ལས་ སྐྱེད་སྤྲོད་མི་ཚུ་ཨིན་པས།
འདུམ་འགྲིག་ཁྲིམས་ཞིབ་ཚོགས་ཆུང་གིས་ མཐོང་གསལ་བྱུང་མི་ རྩོད་དོན་གཞན་ཚུ་གི་གྲས་ལས་ མཁོ་སྒྲུབ་འབད་མི་ ལས་སྡེ་དང་ ཁག་འབག་ཚུ་གིས་ ཚུལ་མཐུན་གྱི་ འཆར་གཞི་དང་ ལྟ་རྟོག་མ་འབད་མི་ འདུམ་འགྲིག་གི་ ཁྲིམས་ལུགས་མེད་མི་དང་ གདམ་ཁའི་འདུམ་འགྲིག་བཅའ་ཁྲིམས་༢༠༡༣ ཅན་མ་ལས་ འགལ་མི་ཚུ་ཨིན་པས།
ད་རེས་ནངས་པར་ བཟོ་སྐྲུན་ལས་སྡེ་ལུ་ གདོང་ལེན་སྦོམ་ཤོས་ཅིག་ ལས་མི་མེད་མི་དང་ བཟོ་སྐྲུན་ས་ཁོངས་ནང་ གློ་བུར་གྱི་ རྐྱེན་ངན་ཡར་སེང་འགྱོ་མི་ ལཱ་གི་སྤུས་ཚད་སྐྱོ་དྲགས་དང་ དམ་འཛིན་ཚུལ་ལྡན་མེད་པའི་ཁར་ གནས་སྟངས་ལཱ་ཁག་ཡོདཔ་ དེ་ལས་ རིག་རྩལ་ཅན་གྱི་ མི་སྟོབས་ལངམ་ མེད་མི་དེ་ཨིན་པས།
སྙན་ཞུ་ནང་ རྩོད་དོན་གཞན་ཚུ་གི་གྲས་ལས་ འཕྲལ་འཕྲལ་འབྲེལ་ཡོད་ལས་སྡེ་ཚུ་གིས་ ཁག་འབག་ལཱ་དེ་ ཁྲིམས་འདུན་ལུ་ ལྷོད་པའི་ཤུལ་ལས་ཡང་ ཆ་གནས་མ་འབད་མི་དང་ རྒུད་འཐུས་དང་ ཉེས་ཆད་ཚུ་ དུས་ཐོག་ལུ་ མ་སྤྲོད་མི་ཚུ་ཨིན་པས།
སྤྱི་ལོ་༢༠༡༧-༡༨ ལུ་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ ཁག་འབག་༩ ཟླཝ་༣ གྱི་རིང་ དགོངས་ཕོག་བཏོན་བཞག་ཡོདཔ་མ་ཚད་ ཐོ་བཀོད་ཀྱི་ ལམ་ལུགས་དང་མ་འཁྲིལ་མི་ ཁག་འབག་༡༥ འི་ ཁག་འབག་གི་སྡེ་རིམ་ མར་ཕབ་བཏང་ནུག།
ད་རེས་ནངས་པར་ བཟོ་སྐྲུན་ལས་སྡེ་ནང་ དཀའ་ངལ་སྦོམ་ཤོས་ཅིག་ ལཱ་ཚུ་ དུས་ཚོད་ཁར་ མཇུག་མ་བསྡུ་མི་དང་ སྔོན་རྩིས་དང་འཁྲིལཝ་ད་ ཟད་འགྲོ་ཐེབས་གནས་མི་དེ་ཨིན་པས།
དེ་ཡང་ སྤྱི་ལོ་༢༠༡༤-༡༥ ལུ་ ལས་འགུལ་༡,༠༤༡ མཇུག་བསྡུ་ཡོད་མིའི་ནང་ལས་ བརྒྱ་ཆ་༢.༧༨ འབད་མི་ ལཱ་ཁག་༢༩ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ཁར་ བརྒྱ་ཆ་༤༢.༥༥ འབད་མི་ ལཱ་ཁག་༤༤༣ གྱི་ཟད་འགྲོ་ སྔོན་རྩིས་བཏོན་མི་ལས་ ལྷག་སྟེ་གནས་ཡོདཔ་ཨིན་པས།
ཤུལ་མའི་ལོ་ནང་ ལས་འགུལ་༡,༠༩༡ མཇུག་བསྡུ་ཡོད་མི་ལས་ ལཱ་ཁག་༢༥༧ ཕྱིས་ཡོདཔ་ད་ ལཱ་ཁག་༤༨༥ སྔོན་རྩིས་བཏོན་མིའི་ ཟད་འགྲོ་ལས་ ཐེབས་བཏང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦-༡༧ ལུ་ ལས་འགུལ་ཁག་༧༡༩ མཇུག་བསྡུ་མི་ལས་ བརྒྱ་ཆ་༦༤ དེ་ཅིག་ ཕྱིས་ཡོདཔ་མ་ཚད་༥༨༥ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པས།
རྩིས་ལོ་༢༠༡༧-༡༨ ལུ་ ལས་འགུལ་༤༩༤ མཇུག་བསྡུ་ཡོད་ས་ལས་༢༥༨ ཕྱིས་ཡོདཔ་མ་ཚད་ ལཱ་ཁག་༢༢༡ ལུ་ ཟད་འགྲོ་ཐེབས་བཏང་དགོཔ་བྱུང་ནུག།
བཟོ་སྐྲུན་ལས་སྡེ་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ལུ་ བརྒྱ་ཆ་༡༦.༢༨ དང་ བརྒྱ་ཆ་༢.༥༦ ལཱ་གཡོག་ལུ་ ལྷན་ཐབས་འབད་དོ་ཡོདཔ་ད་ ལས་སྡེའི་འོག་ལུ་ ཁག་འབགཔ་༤,༡༢༥ དང་ གྲོས་སྟོན་པ་༦༧ བཟོ་སྐྲུན་མཁས་མཆོག་༦,༦༢༤ ས་བརྐོ་འཕྲུལ་ཆས་༨༠༤ ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *