སློབ་ཁང་མེད་ནི་དེ་གིས་ སློབ་ཕྲུག་ཚུ་ སློབ་གྲྭའི་ཕྱི་ཁར་ འབྲེལ་འཛིན་ཐོག་ སྡོད་པའི་མཐོང་སྣང་།

བཟོ་སྐྲུན་ཡུན་འགྱངས་ལུ་བརྟེན་ དུས་རྒྱུན་གྱི་ སློབ་སྦྱོང་ཚུ་ལུ་ ཐོ་ཕོག་ཡོདཔ།

སློབ་ཡུན་འགོ་བཙུགས་ཏེ་ ཟླཝ་ལང་ནི་འབད་རུང་ རྩི་རང་སྟོད་སློབ་གྲྭ་ལྟེ་བའི་ནང་ དུས་རྒྱུན་གྱི་ སློབ་སྟོན་འབད་ནི་ཚུ་ ད་ལྟོ་ཡང་ འགོ་བཙུགས་མ་ཚུགས་པར་ཡོདཔ་ད་ སློབ་གྲྭའི་སློབ་རིམ་ཁང་མིག་ཆ་མཉམ་ར་ ནང་སྡོད་སློབ་ཕྲུག་ཚུ་གིས་ གང་སྟེ་ཡོདཔ་ཨིན་པས།

དུས་རྒྱུན་གྱི་ སློབ་སྦྱོང་ཚུ་ལུ་ ཐོ་ཕོག་ཡོད་མི་དེ་ཡང་ སློབ་གྲྭའི་སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ཚུ་ མཇུག་མ་བསྡུ་བར་ ཡོད་ནི་དེ་གིས་ཨིན་པས།

ད་ལྟོ་ སྒྲིང་ཁྱིམ་གསརཔ་༦ རྐྱབ་བའི་བསྒང་ཡོད་མི་དེ་ནང་ སློབ་རིམ་ཁང་མིག་༡༨ ཡོད་མི་ གཅིག་སྒྲིལ་སྒྲིང་ཁྱིམ་ཅིག་དང་ ཁང་ཚན་༨ རེ་འབད་མི་ སློབ་དཔོན་གྱི་སྡོད་ཁྱིམ་༢ ཉལ་ཁྲི་༡༨༠ འབད་མི་ ཉལ་ཁང་༢ དེ་ལས་ སྤྱི་དོན་ཁང་ཅིག་ ཚུདཔ་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་ སངས་རྒྱས་ཆོས་འཕེལ་གྱིས་ སླབ་མིའི་ནང་ ཁག་འབག་ལཱ་དེ་ སྤྱི་ལོ་༢༠༡༦ ལུ་ སྤྲོད་ཡོད་རུང་ བཟོ་སྐྲུན་འགོ་བཙུགས་མ་ཚུགས་མི་ལུ་བརྟེན་ ཡུན་འགྱངས་ལུས་སོ་ཡི་ཟེར་ཨིནམ་ད་ གསརཔ་རྐྱབ་ནིའི་དོན་ལུ་ སྒྲིང་ཁྱིམ་རྙིངམ་དག་པ་ཅིག་ བརྡལ་གཏང་དགོཔ་ཡོད་ཟེར་ཨིན་པས།

ཨིན་རུང་ སྒྲིང་ཁྱིམ་གསརཔ་དེ་ བསྒྲུབས་ཡོདཔ་ལས་ ཤུལ་མའི་བདུན་ཕྲག་ནང་ལས་ སློབ་སྟོན་འབད་ནི་ འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ ཁོ་གིས་ བཤདཔ་ཨིན་པས།

སློབ་གྲྭ་ལྟེ་བ་ཅིག་འབདཝ་ལས་ ཉལ་ཁྱིམ་ཚུ་ རྐྱབ་མ་ཚརཝ་ལས་ར་ འཛུལ་ཞུགས་འབད་མི་ སློབ་ཕྲུག་ཚུ་ལུ་ ངོས་ལེན་འབད་དེ་ སློབ་རིམ་ཁང་མིག་རྙིངམ་༧ ནང་ གནས་སྐབས་ཅིག་གི་དོན་ལུ་ བཞག་སྟེ་ཡོདཔ་ཨིན་པས།

སློབ་གྲྭ་དེ་ནང་ སློབ་ཕྲུག་བསྡོམས་༦༠༣ ཡོད་མི་ལས་༣༢༨ ནང་སྡོད་སློབ་ཕྲུག་ཨིནམ་བཞིན་དུ་ དེ་ནང་ལས་ སློབ་ཕྲུག་བུམོ་༢༠༨ དེ་ སློབ་རིམ་ཁང་མིག་༤ ནང་ བཞག་ཡོདཔ་ད་ སློབ་རིམ་ཁང་མིག་༡ ནང་ ཉུང་ཤོས་ར་ སློབ་ཕྲུག་༡༥ དེ་རེ་ ཉལ་དོ་ཡོདཔ་ཨིན་པས།

སློབ་གྲྭ་དེ་ དུས་ཅི་ལས་ སློབ་གྲྭ་ལྟེ་བ་ལུ་ རྒྱ་སྐྱེད་འབད་དེ་ སྒོ་སར་གླིང་སློབ་གྲྭ་ཆུང་བ་དང་ པདྨ་ཐང་སློབ་གྲྭ་ཆུང་བ་ སེམས་ལྗོངས་སློབ་གྲྭ་ཆུང་བ་གསུམ་ལས་ སློབ་ཕྲུག་༦༤ ཁ་སྐོང་ལེན་ཡོདཔ་ཨིན་པས།

རྫོང་ཁག་ཤེས་རིག་འགོ་དཔོན་གཙོ་འཛིན་གྱིས་འབད་བ་ཅིན་ ད་རིས་ཀྱི་ ཟླ་མཇུག་ལས་ སྒྲིང་ཁྱིམ་གསརཔ་ཆ་མཉམ་བསྒྲུབས་ཏེ་ སློབ་གྲྭ་ལུ་ རྩིས་སྤྲོད་འོང་ཟེར་ཨིན་པས།

སློབ་དཔོན་ལ་ལོ་ཅིག་གིས་ སླབ་མིའི་ནང་ སློབ་ཡུན་འགོ་བཙུགསཔ་ད་ སློབ་སྟོན་འབད་ཡོད་པ་ཅིན་ ད་རེས་འབད་བའི་བསྒང་ལས་ སྟོན་ཚན་ལེའུ་༢ དང་༣ དེ་ཅིག་ མཇུག་བསྡུ་བསྡུ་འོང་ཟེར་ཨིན་པས།

དབུ་འཛིན་ཡེ་ཤེས་ཀྱིས་འབད་བ་ཅིན་ སློབ་ཡུན་དང་འབྲེལ་བའི་ སློབ་སྟོན་གྱི་ཐད་ལུ་ དེམ་ཅིག་ར་ ཐོ་མ་ཕོག་ཟེར་ཨིནམ་ད་ དེ་ཡང་ སློབ་སྟོན་གྱི་བར་ན་ འགོ་འདྲེན་འཐབ་སྲོལ་ཡོད་མི་ ལས་སྣ་ཚུ་ནང་ སློབ་ཕྲུག་ཚུ་ འབྲེལ་འཛིན་འབད་ཚུགས་ནི་དེ་གིས་ཨིནམ་ད་ དེ་ཡང་ སློབ་གྲྭ་གིས་ བརྩི་མཐོང་གོམས་འདྲིས་དང་ སྒྲིགས་ལམ་རྣམ་གཞག་ ལཱ་གཡོག་དང་འབྲེལ་བའི་བསླབ་སྟོན་ རང་ལུགས་ཀྱི་གླུ་གཞས་དང་ ཞབས་ཁྲ་ མི་ཚེའི་རིག་རྩལ་ཚུ་གི་སྐོར་ལས་ སློབ་སྦྱོང་ཚུ་ བྱིན་དོ་ཡོདཔ་ཨིན་པས།

ལས་སྣ་དེ་ཚུ་ ཤུལ་ལས་ འགོ་འདྲེན་འཐབ་ནི་ཡོད་རུང་ ད་རེས་ སློབ་རིམ་ཁང་མིག་མེད་པའི་ ནམ་དུས་ལུ་ འབད་ཡོདཔ་ལས་ ད་ལས་ཕར་ སློབ་སྟོན་དང་ ཆོས་ཚན་ཚུ་ལུ་ གཙོ་བོར་བཏོན་ཚུགས་ཟེར་ དབུ་འཛིན་གྱིས་ བཤདཔ་ཨིན་པས།

དེ་ལས་ སློབ་གྲྭ་གིས་ སློབ་ཕྲུག་ཚུ་གི་ སྒྲིག་གོ་མཁོ་སྒྲུབ་ཀྱི་དོན་ལུ་ རིན་བསྡུར་གསལ་བསྒྲགས་མ་འབད་བར་ཡོདཔ་ལས་ ད་ལྟོ་ གནས་སྐབས་ཅིག་ ཧེ་མའི་སློབ་གྲྭ་གི་ སྒྲིག་གོ་ཚུ་ གྱོན་བཅུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *