བཟོ་རིགཔ་ཅིག་ ཆུ་ནང་ཐིམ་ཡོདཔ།

༉ སྤྱི་ཟླ་༦ པའི་ཚེས་༢༨ ལུ་ ཐིམ་ཕུག་མདོ་སྡེ་ནང་གི་ས་གནས་ གྱེདཔ་ཐང་ལུ་ སྐྱེས་ལོ་༢༤ ལང་མི་ བཟོ་རིག་འགོ་དཔོན་ཅིག་ ཆུ་ནང་ཐིམ་སྟེ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ རྐྱེན་ངན་བྱུང་པའི་ཉིན་མ་ ཁོང་ཆ་རོགས་ཕོ་སྐྱེས་༥ དང་ ཨམ་སྲུ་གཉིས་བརྩིསཝ་ད་ མི་༧ མཛར་ཅུམ་བཟའ་བར་ སོང་པའི་ཤུལ་ལུ་ རྩལ་རྐྱབ་ནུག་ཟེར་ཨིནམ་ད་ ཕོ་སྐྱེས་༢ ཆུའི་སྐེདཔ་བཏོག་སྟེ་ སོང་པའི་ཤུལ་ལུ་ ལོག་འོངམ་ད་ ཚེ་འདས་ཕོ་སྐྱེས་དེ་ ཆུ་འཁྱིལ་ཡོད་མི་ནང་ ཐིམ་སོང་ནུག་ཟེར་ཨིན་པས།
ཆ་རོགས་ཚུ་དང་ ས་གནས་ནང་ ས་བརྐོ་འཕྲུལ་ཆས་ཀྱི་ དེད་གཡོགཔ་ལས་ གྲོགས་རམ་ལེན་ཡོད་རུང་ བཟོ་རིག་འགོ་དཔོན་དེ་ བཏོན་མ་ཚུགསཔ་ལས་ དེ་ཚེ་ཕྱི་རུའི་ཆུ་ཚོད་༥:༥༩ ལུ་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ སྲོག་སྐྱབས་སྡེ་ཚན་ དེ་འཕྲོ་ལས་ ས་གནས་ནང་ སོང་ཡོདཔ་བཞིན་དུ་ གནམ་ཡང་བསྲོ་སུ་ཅིག་འགྱོ་ནི་དེ་གིས་ དེ་ཚེ་ཕྱི་རུ་ ཕུངམ་བཏོན་མ་ཚུགས་ལས་ ལོག་ཁྱིམ་ནང་སོང་སྟེ་ དེ་གི་ནངས་པ་དྲོ་པའི་ ཆུ་ཚོད་༡༠:༣༠ དེ་ཅིག་ཁར་ བཏོན་ཚུགས་ཡོདཔ་ཨིན་པས།
ཚེ་འདས་དེ་ ཐིམ་ཕུག་བཀྲིས་ཚོང་ལས་ནང་ བཟོ་རིག་འགོ་དཔོན་སྦེ་ ལཱ་འབད་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ གནམ་བྱཱར་ཆར་ཆུའི་སྐབས་ ཆུ་བྲེས་ནི་གི་ ཉེན་ཁ་སྦོམ་ཡོདཔ་ལས་ མི་ག་ར་ཨིན་རུང་ ཆུ་ནང་རྩལ་རྐྱབ་ནི་ལས་ ག་དེ་དྲག་དྲག་འཛེམ་གནང་ཟེར་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *