བཟའ་སྤྱོད་ཉེན་སྲུང་མེད་པའི་ ཉེན་བརྡ་དང་བསྟུན་ ངོས་ལེན་འབད་དགོཔ།

༉ ད་རེས་ ས་སྣུམ་གྱི་གོང་ཚད་ ཡར་སེང་འགྱོ་མི་དང་བསྟུན་ ཅ་ཆས་དང་ཞབས་ཏོག་ཚུ་གི་ གོང་ཚད་ཡར་སེང་འགྱོ་མིའི་ གནས་སྟངས་དེ་ མགུ་འཐོམ་སི་སི་ཅིག་ཨིན་མས།

མ་གཞི་ ང་བཅས་ར་ བར་འཛུལ་གྱི་དོན་ལུ་ སྒུག་དོ་ཡོདཔ་ལས་ གོང་ཚད་མར་འབབ་འགྱོ་བའི་ རེ་བ་བསྐྱེད་དེ་ཡོད་རུང་ ཤུལ་མའི་ཚ་གྱང་དེ་ བཟའ་སྤྱོད་མ་ལང་པའི་སྐོར་ལས་ཨིན།

ད་རེས་ ཡུག་རེན་ལུ་ དམག་འཁྲུག་ལང་པའི་ཁར་ གནམ་གཤིས་གནས་སྟངས་ཀྱིས་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ཀར་བཟུམ་མའི་ ཉེ་བར་མཁོ་བའི་ འབྲུ་སྣའི་རིགས་ཚུ་ ཐོན་སྐྱེད་འབད་ནི་དང་ བཀྲམ་སྤེལ་འབད་ནི་ལུ་ བར་ཆད་རྐྱབ་སྟེ་ཡོདཔ་ལས་ ཀར་མ་ལང་པའི་ ཉེན་བརྡ་འབདཝ་ཨིན་མས།

འདས་པའི་བདུན་ཕྲག་ནང་ རྒྱ་གར་གྱིས་ ཁོང་རའི་ བཟའ་འཐུང་ཉེན་སྲུང་གི་དོན་ལུ་ ཀར་ཕྱིར་ཚོང་འཐབ་ནི་ལས་ བཀག་དམ་འབད་ཡོད་རུང་ འབྲུག་གི་དོན་ལུ་ ཚ་གྱང་ལང་དགོཔ་ཅིག་མེད་མི་དེ་ཡང་ ང་བཅས་ར་ བཞེས་སྒོ་གཙོ་བོ་ ཆུམ་ལུ་བརྟེན་སྡོད་ནི་དེ་གིས་ཨིན།

འབྲུག་གིས་ འབྲུ་སྣ་ཀར་གྱི་ཐད་ཁར་ ཐོན་སྐྱེད་གངམ་མི་འབད་བའི་ཁར་ བཟའ་སྤྱོད་ཀྱི་དོན་ལུ་ཡང་ ཉུང་སུ་ཅིག་ལས་ ལག་ལེན་མི་འཐབ་དོ་ཡོདཔ་ད་ ལོ་བསྟར་སོ་ནམ་བརྟག་ཞིབ་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༢༠ ལུ་ རྒྱལ་ཁབ་ནང་ ཀར་མེ་ཊིག་ཊཱོན་༡,༦༢༣ ཐོན་སྐྱེད་འབད་ཡོདཔ་བཞིན་དུ་ ནང་འདྲེན་གྱི་ཐད་ལས་འབད་རུང་ ལོ་བསྟར་བཞིན་དུ་ མེ་ཊིག་ཊཱོན་༥༠༠ ལས་༦,༠༠༠ དེ་ཅིག་ལས་བརྒལ་ མ་འབད་བས།

འབྲུག་མི་ཚུ་གིས་ འབྲུ་སྣ་ཀར་དེ་ ཕྱེ་འཐག་ཞིནམ་ལས་ འཕྲལ་འཕྲལ་ དྲོ་པ་ཟ་འཐུང་པའི་སྐབས་ དུམ་གྲ་རེ་ བཟའ་དོ་ཡོདཔ་མ་གཏོགས་ མང་ཤོས་ར་ ཆང་བཙོ་ནིའི་དོན་ལུ་དང་ སྒོ་ནོར་གྱི་ཆག་སྦེ་ ལག་ལེན་འཐབ་ཨིན་མས།

ཨིན་རུང་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱི་ དཔལ་འབྱོར་གཙོ་འཛིན་གྱིས་གཙོས་པའི་ མཁས་མཆོག་ཚུ་གིས་ འཛམ་གླིང་བཟའ་འཐུང་ཉེན་སྲུང་མེད་པའི་ ཉེན་བརྡ་འབད་དོ་ཡོདཔ་ལས་ ཀར་མ་ལང་པའི་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ ང་བཅས་ར་ ཚ་གྱང་ལང་དགོཔ་འདུག།

མཁས་མཆོག་ཚུ་དང་འཁྲིལཝ་ད་ འོང་འབབ་ཆུང་རིམ་གྱི་མི་སྡེ་དང་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་ལུ་ དམག་འཁྲུག་དང་ གནས་གཤིས་འགྱུར་བགྲོད་ ནད་ཡམས་ དེ་ལས་ གོང་ཚད་ཡར་སེང་འགྱོ་མི་ལུ་བརྟེན་ བཟའ་འཐུང་དཀོན་པའི་ ཉེན་འཚུབས་འབྱུང་ནི་མས་ཟེར་ཨིན་མས།

མ་གཞི་ གོང་གི་གནད་དོན་ཚུ་ལུ་བརྟེན་ སྤྱིར་བཏང་མི་མང་ལུ་ འབྱེམ་ཕོག་སྟེ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ར་ འཚོ་བའི་གནས་སྟངས་ བདེ་སྒྲིག་འབད་ནི་དང་ ཟད་འགྲོ་མར་ཕབ་རྐྱབ་ནི་ དེ་ལས་ བློས་གཏང་ནི་ཚུ་ འབད་དོ་ཡོདཔ་ཨིན་མས།

ཏན་ཏན་མེད་པའི་དུས་ཚོད་དང་ ནང་འདྲེན་ལུ་བརྟེན་སྡོད་མི་ རྒྱལ་ཁབ་ཅིག་འབདཝ་ལས་ ང་བཅས་ར་ མཁས་མཆོག་ཚུ་གིས་ བཟའ་སྤྱོད་ཉེན་སྲུང་མེད་པའི་ ཉེན་བརྡ་བྱིན་མི་དང་བསྟུན་ ངོས་ལེན་འབད་དགོཔ་དེ་ ག་ནི་བ་ གལ་ཆེ་བས།

འབྲུག་འདི་ སོ་ནམ་ལུ་བརྟེན་སྡོད་པའི་ རྒྱལ་ཁབ་ཅིག་ཨིནམ་ལས་ སོ་ནམ་དང་འབྲེལ་བའི་ལཱ་ཚུ་ནང་ བརྩོན་ཤུགས་བསྐྱེད་དེ་ ཐོན་སྐྱེད་ཡར་སེང་འབད་ནི་ལུ་ གཙོ་རིམ་བཟུང་པ་ཅིན་ རང་མགོ་རང་འདྲོངས་སྦེ་ སྡོད་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *