བཟའ་འཐུང་གི་རིགས་ཚུ་ལངམ་སྦེ་ གསོག་འཇོག་འབད་དེ་ཡོདཔ།

༉ རྒྱལ་ཁབ་ནང་ གློ་བུར་གྱི་ རྐྱེན་ངན་རེ་བྱུང་བའི་སྐབས་ ལག་ལེན་འཐབ་ནིའི་དོན་ལུ་ ལམ་ལུགས་ཀྱི་ དགོས་མཁོ་དང་འཁྲིལ་ཏེ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ བཟའ་འཐུང་གི་རིགས་ཚུ་ ལངམ་སྦེ་ གསོག་འཇོག་འབད་དེ་ ཡོད་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༣ ལུ་ ལྷན་རྒྱས་གཞུང་ཚོགས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཟླ་རིམ་གྱི་ ཞལ་འཛོམས་ ཐེངས༣༡ པ་འཚོགས་པའི་སྐབས་ སོ་ནམ་དང་ ནགས་ཚལ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ བཤད་ཅི།
རྒྱལ་ཁབ་ཀྱི་ མི་སེར་རེ་གིས་ བཟའ་སྤྱོད་ཀྱི་ཚད་དང་འཁྲིལ་ཏེ་ ལས་འཛིན་གྱིས་ འདས་པའི་ཟླཝ་༣ ནང་ ཆུམ་མི་ཊིག་ཊཱོན་༡,༤༠༠ དང་ གུ་རམ་མི་ཊིག་ཊཱོན་༢༠༠ དེ་ལས་ མར་ཁུ་མི་ཊིག་ཊཱོན་༥༨ བཞག་ནུག་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ ལས་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ གསར་བཏོན་འབད་མི་དང་འཁྲིལཝ་ད་ བཟའ་འཐུང་གི་མཛོད་ཁང་༢༧ ནང་ ཞིབ་དཔྱད་འབད་བའི་སྐབས་ ཆུམ་མི་ཊིག་ཊཱོན་༡,༢༣༨ དང་ གུ་རམ་མི་ཊིག་ཊཱོན་༡༧༦ དེ་ལས་ མར་ཁུ་མི་ཊིག་ཊཱོན་༢༧ གསོག་འཇོག་འབད་ཡོད་པའི་ མངོན་གསལ་བྱུང་ནུག།
བློན་པོ་གིས་ བཤད་མིའི་ནང་ སྤྱི་ཟླ་༦ པའི་ཚེས་༢༢ ཚུན་ ཉིན་བསྟར་གྱི་ ཚོང་འབྲེལ་འཐབ་མི་ཚུ་ མ་བརྩིས་བར་ ཆུམ་མི་ཊིག་ཊཱོན་༦,༩༥༥ དང་ གུ་རམ་མི་ཊིག་ཊཱོན་༡,༧༩༡ དེ་ལས་ མར་ཁུ་མི་ཊིག་ཊཱོན་༢,༧༤༨ ལས་འཛིན་གྱིས་ གསོག་འཇོག་འབད་ནུག་ཟེར་ཨིན་པས།
སོ་ནམ་ལྷན་ཁག་ལུ་ བཟའ་འཐུང་གི་རིགས་ཚུ་ གསོག་འཇོག་འབད་ནིའི་ འགན་དབང་ཡོདཔ་མ་ཚད་ འབྲུག་རྒྱལ་ཁབ་འདི་ སཱག་ལུང་ཕྱོགས་དང་གཅིག་ཁར་ བཟའ་འཐུང་གི་རིགས་ མི་ཊིག་ཊཱོན་༣༦༠ བཞག་ནིའི་དོན་ལུ་ གན་ཡིག་ཅིག་གུ་ མཚན་རྟགས་ཅིག་ཡང་ བཀོད་ཡོདཔ་ད་ ལས་འཛིན་དེ་ རྒྱལ་ཡོངས་ཀྱི་ བཟའ་འཐུང་ཁང་སྦེ་ ངོས་འཛིན་འབད་དེ་འདུག།
ཕྱོགས་གཅིག་ལས་འབད་བ་ཅིན་ དབང་འཛིན་གྱི་ ལས་འབྲེལ་རྩིས་ཞིབ་སྙན་ཞུ་ལུ་ ངོས་ལེན་འབད་དགོཔ་འདུག་ཟེར་ཨིན་མི་དེ་ཡང་ བཟའ་འཐུང་གི་རིགས་ཚུ་ གསོག་འཇོག་ནང་ ག་དེམ་ཅིག་ར་ཡོད་རུང་ མི་ལང་ནི་གི་ ཉེན་ཁ་ཡོད་ཟེར་ བློན་པོ་གིས་བཤད་ཅི།
ལས་འཛིན་གྱིས་ བཟའ་འཐུང་གི་རིགས་ གསོག་འཇོགས་ཀྱི་ ལྷན་ཐབས་འབད་ནི་ལུ་ དངུལ་རྩིས་ལྷན་ཁག་གིས་ མཐུན་རྐྱེན་ཟིན་བྲིས་དེ་ རྒྱ་བསྐྱེད་འབད་དེ་ ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གིས་ འདས་པའི་ལོ་༤ གི་ནང་འཁོད་ལུ་ ཁྱེགས་མཛོད་ཀྱི་ མཐུན་རྐྱེན་བརྩིས་ཏེ་ མཛོད་ཁང་གསརཔ་༡༡ རྐྱབ་ཡོདཔ་བཞིན་དུ་ རྩིས་ཞིབ་དབང་འཛིན་གྱིས་ མཛོད་ཁང་༢༧ ནང་ ཞིབ་དཔྱད་འབད་ཡོདཔ་ད་ ད་རེས་ ལུང་ཕྱོགས་ཀྱི་ མཛོད་ཁང་༢༢ བརྩིས་ཏེ་ རྒྱལ་ཁབ་ནང་ དོ་ཁང་༥༣ ཡོདཔ་ཨིན་པས།
དབང་འཛིན་གྱིས་ ལས་འབྲེལ་རྩིས་ཞིབ་འབདཝ་ད་ སོ་ནམ་ཚོང་ཁང་༦༡ ཡོདཔ་བཞིན་དུ་ དེ་ནང་ ཆུམ་མི་ཊིག་ཊཱོན་༡ རེ་ གསོག་འཇོག་འབད་དེ་ བཞག་དོ་ཟེར་ བློན་པོ་གིས་ བཤད་ཡོདཔ་ད་ ལས་འཛིན་གྱི་ བཀོད་ཚོགས་ཀྱིས་ བཟའ་འཐུང་གསོག་འཇོག་གི་ སྲིད་བྱུས་ཅིག་ འགོ་བཙུགས་དོ་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ ཆ་འཇོག་གི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ལུ་ གཏང་ནི་ཨིན་པས།
བློན་ཆེན་དང་ སོ་ནམ་བློན་པོ་གིས་ དོ་ཁང་ནང་ བཟའ་འཐུང་གི་རིགས་ཚུ་ ག་དེམ་ཅིག་ཡོདཔ་ཨིན་ན་ བདུན་ཕྲག་ཨ་རྟགས་ར་ དུས་འཐུན་བཟོ་དོ་ཡོདཔ་ད་ སོ་ནམ་བློན་པོ་གིས་ བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ ཁྱེགས་མཛོད་ཀྱི་ མཐུན་རྐྱེན་ལེགས་ཤོམ མེད་མི་ལུ་བརྟེན་ དངུལ་ཀྲམ་ས་ཡ་༥ གནས་པའི་ བཟའ་འཐུང་གི་རིགས་ཚུ་ བཀོ་གཏང་ནི་ཡོད་ཟེར་ཨིན་པས།
ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ མི་ཊིག་ཊཱོན་༥༠༠ ཤོང་བའི་ ཁྱེགས་མཛོད་ཁང་རྐྱབ་ཡོདཔ་ད་ མོང་སྒར་ གླིང་མི་ཐང་ལུ་ མི་ཊིག་ཊཱོན་༡༠༠ ཤོང་མི་ཅིག་ རྐྱབ་ཡོདཔ་བཞིན་དུ་ བཀྲིས་སྒང་དང་ སྤུ་ན་ཁ་ ཁུ་རུ་ཐང་ དེ་ལས་ པདྨ་དགའ་ཚལ་ ངང་ལམ་ལུ་ཡང་ རྐྱབ་སྟེ་ཡོད་ཟེར་ བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *