བསོད་ནམས་བསྟན་འཛིན་དང་ ཁོ་རའི་གནས་ཚང་ པདྨ་ཚེ་སྒྲོན།

བཟའ་ཚང་ཅིག་ལོ་ན་རྒསཔ་དང་བསྟུན་ མ་ཎི་བགྱང་སྡོད་ནི་ལུ་ གདམ་ཁ་རྐྱབ་ཡོདཔ།

༉ གཞལམ་སྒང་ཁྲོམ་ལས་ ཧེ་མའི་ གཞུང་ལམ་བདའ་སྟེ་ དྭགས་འཕེལ་ཁ་ཐུག་ ཀི་ལོ་མི་ཊར་༨ དེ་ཅིག་གི་ ས་གནས་ནང་ཡོད་མི་གོང་སྤོང་ལུ་ བདུད་འདུལ་རྣམ་རྒྱལ་སྒང་མཆོད་རྟེན་ རྐྱངམ་གཅིག་མ་གཏོགས་ སྡོད་མི་ག་ཡང་ མེདཔ་བཟུམ་ཅིག་སྦེ་ མཐོངམ་ཨིན་པས།

ས་གནས་དེ་ སྐྱིད་ཏོང་ཏོ་དང་ མི་སྐད་ཁྱི་སྐད་ཚུ་མེདཔ་ཨིན་རུང་ འཁོར་ལམ་ལས་ མཆོད་རྟེན་ཁ་ཐུག་འགྱོ་བའི་སྐབས་ རོ་ཁྱི་ཧབ་པའི་སྐད་ དུམ་གྲ་རེ་ གོཝ་ཨིན་པས།
ས་གནས་དེ་ནང་ལས་ ཁ་ཡར་བལྟ་འཛེགས་ཏེ་ མཆོད་རྟེན་གྱི་ སྦོ་ལོགས་ཁར་ ལྷོད་པའི་སྐབས་ ཐོག་ཚད་རེ་འབད་མི་ ཁྱིམ་དག་པ་ཅིག་ཡང་ མཐོང་དོ་ཡོདཔ་ད་ ད་རུང་ ཁྱིམ་དེ་ཚུ་བརྒལ་ཏེ་ ཕར་ལོགས་བལྟ་སྟེ་ འགྱོ་བའི་སྐབས་ བྱང་ས་ཅིག་ཡང་འདུག།
བྱང་ས་དེ་ནང་ ལྷོད་ལྟ་བའི་བསྒང་ལས་ ཨ་རྒས་ཅིག་དང་ ཨང་རྒས་ཅིག་འབད་མི་ བཟའ་ཚང་གཅིག་ ཁོང་རའི་ བྱང་ས་གི་གདོང་ཁར་ཐོན་ཏེ་ སྐྱིད་ཏོང་ཏོ་སྦེ་ མ་ནི་བགྱང་སྡོད་སར་ མཐོངམ་ཨིན་པས།
སྐྱེས་ལོ་༧༥ འབད་མི་ བསོད་ནམས་བསྟན་འཛིན་དེ་ ཟུར་འཕེལ་ལས་ཨིནམ་ད་ ཁོ་གི་གནས་ཚང་ སྐྱེས་ལོ་༧༠ འབད་མི་ པདྨ་ཚེ་སྒྲོན་དེ་ པཱན་སྦང་ མ་མུང་གཡུས་ཚན་ལས་ཨིན་པས།
ཨང་རྒས་པདྨ་ཚེ་སྒྲོན་དེ་ གཟུགས་ཉམས་ཡོད་པའི་ཁར་ མིག་ཤེལ་ཡང་ བཙུགས་ཏེ་ཡོདཔ་ད་ བསོད་ནམས་བསྟན་འཛིན་ཁོ་ར་ཡང་ རྐངམ་མ་བདེཝ་ ཡོད་ནི་དེ་གིས་ ཁོང་ར་གཉིས་ཆ་ར་ འཁརཝ་བཙུགས་ཏེ་ འགྱོ་དགོཔ་ཨིན་པས།
ཁོང་བཟའ་ཚང་༢ ལུ་ ཧེ་མ་འབད་བ་ཅིན་ ས་ཞིང་དང་ ནོར་སེམས་ཅན་ཡང་ ཡོདཔ་ཨིན་རུང་ ཤུལ་ལས་ ཁོང་ར་གཉིས་ ལོ་ན་རྒས་ཏེ་ ལཱ་འབད་མ་ཚུགས་པའི་ཤུལ་ལུ་ གོང་སྤོང་ལུ་ མཆོད་རྟེན་གྱི་ཉེ་འདབས་ལུ་ མ་ཎི་བགྱང་པར་ འོང་ཡོདཔ་ད་ ད་རེས་ ཁོང་༢ མཆོད་རྟེན་གྱི་ དཀོན་གཉེར་སྦེ་ སྡོད་དོ་ཡོདཔ་ཨིན་པས།
ཁོང་གཉིས་ལུ་ བུ་གཞི་མེདཔ་བཞིན་དུ་ ད་རེས་ རྒྱགས་སྐལ་སྐྱེལ་མི་དང་ ལྟ་མི་ག་ཡང་ མེདཔ་ཨིན་རུང་ རྫོང་ཁག་བདག་སྐྱོང་དང་ གཞན་ཡིག་ཚང་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཁོང་གཉིས་ལུ་ བྱང་ས་ཅིག རྐྱབ་བྱིན་ཡོདཔ་མ་ཚད་ པདྨ་ཚེ་སྒྲོན་ལུ་ ཟླ་རིམ་བཞིན་དུ་ རྫོང་ཁག་གི་ ཆོས་མཐུན་ཚོགས་པ་གིས་ དངུལ་ཀྲམ་༡,༥༠༠ རེ་ བྱིན་དོ་ཡོདཔ་ཨིན་པས།
ཧེ་མ་ ལོ་ངོ་༩ གི་རིང་ གཞལམ་སྒང་གྲྭ་ཚང་ནང་ དགེ་སློང་སྦེ་ཕྱག་ཞུ་མི་ བསོད་ནམས་བསྟན་འཛིན་གྱིས་ སླབ་མིའི་ནང་ འགོ་དང་པ་ ཁོང་ར་གཉིས་ ས་གནས་དེ་ནང་ འོང་བའི་སྐབས་ བྱང་ས་ཆུང་ཀུ་ཅིག་མ་གཏོགས་ མེདཔ་མ་ཚད་ དེ་ནང་ གློག་མེའི་མཐུན་རྐྱེན་ཡང་ མེདཔ་ཨིན་རུང་ ད་རེས་ རྫོང་ཁག་དང་ གཞན་ཡིག་ཚང་ཚུ་གིས་ ད་ལྟོའི་བྱང་ས་དེ་ རྐྱབ་བྱིན་ནི་དེ་གིས་ བྱ་སྟབས་བདེ་ཏོག་ཏོ་ ཡར་སོ་ཡི་ཟེར་ཨིན་པས།
ཁོང་ར་རྒན་རྒས་གཉིས་ ཨ་རྟག་ར་ ས་གོ་དེ་ནང་ མ་ཎི་བགྱང་སྡོད་དོ་ཡོདཔ་ད་ རང་སོའི་ བྱ་སྟབས་བདེ་ཧིང་དང་འཁྲིལ་ རེ་ཚེ་སྐབས་ མཆོད་རྟེན་ཡང་ སྐོར་ར་རྐྱབ་སྟེ་ སྡོད་དོ་ཡོདཔ་ཨིན་པས།
བསོད་ནམས་བསྟན་འཛིན་གྱིས་ བཤད་མིའི་ནང་ མ་གཞི་ ཁོང་ར་གཉིས་ལུ་ མི་ཚན་དག་པ་ཅིག་ ཡོདཔ་ཨིན་རུང་ རང་ར་སོ་སོའི་ འཚོ་སྐྱོང་འཐབ་དགོ་མི་ལུ་བརྟེན་ ཁོང་གཉིས་ལུ་ ཆ་རོགས་འབད་བར་ མི་ལྷོད་པས་ཟེར་ཨིན་པས།
ཁོང་༢ སྤྱི་ལོ་༢༠༠༨ ལས་ ས་ཁོངས་དེ་ནང་ འོང་ཡོདཔ་ད་ ད་རེས་ བྱང་སའི་གདོང་ཁར་ ཚོད་བསྲེ་ལྡུམ་ར་ཅིག་ཡང་ བཟོ་སྟེ་ཡོདཔ་ལས་ དུས་ཚོད་འ་ནེམ་ཅིག་ཁར་ ཚོད་བསྲེ་ཚུ་ མི་དཀོན་དོ་ཡོདཔ་ཨིན་པས།
ཨིན་རུང་ རྒྱགས་སྐལ་ཚུ་ལངམ་སྦེ་ ཉོ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་རུང་ འཕྲལ་འཕྲལ་སྦེ་ར་ སློབ་གྲྭ་དང་ ཡིག་ཚང་ཁག་གི་ལས་བྱེདཔ་ དེ་ལས་ ངོ་རྐྱང་ཚུ་གིས་ བཀབ་གོ་ལ་དང་ རྒྱགས་སྐལ་ཚུ་ རིན་མེད་སྟོང་པར་ བྱིན་མི་ཐོནམ་མས་ཟེར་ བསོད་ནམས་བསྟན་འཛིན་གྱིས་ སླབ་ཨིན་པས།
མཆོད་རྟེན་གྱི་ དཀོན་གཉེར་གཞན་ཅིག་ཡང་ ཡོདཔ་བཞིན་དུ་ དེ་ལུ་ཡང་ ཆོས་མཐུན་ཚོགས་པ་གིས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡,༥༠༠ རེ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

གཞལམ་སྒང་ལས་ ཉི་མ་དབང་འདུས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *