བཟའ་བའི་ཁ་མང་རུང་ བྱིན་པའི་ལགཔ་གཉིས་ལས་བརྒལ་མེད་པའི་ དཀའ་སྡུག་ཅན།

སློབ་གྲྭའི་ཐབ་ཚངཔ་ཅིག་ ནང་མི་བཟའ་ཚང་ཚུ་ གསོ་ནི་ལུ་དཀའ་ངལ་བྱུང་སྟེ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།

༉ དུས་ཚོད་འ་ནེམ་ཅིག་ཁར་ ཨ་ལོའི་ཕམ་མང་ཤོས་ རང་སོའི་ཨ་ལོ་ཚུ་ གནམ་དགུན་གྱི་ངལ་གསོ་ བཏང་ཡོདཔ་ལས་ གཡུས་ཁར་འོང་སྟེ་ ཕམ་བུ་གཞི་ཚུ་ གཅིག་ཁར་འཛོམས་ནིའི་ དུས་ཚོད་ཅིག་ཨིན་རུང་ གཞལམ་སྒང་ ཁེངས་སྟོད་ལུ་སྡོད་མི་ ཕོ་སྐྱེས་ཅིག་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
དེ་ཡང་ སྐྱེས་ལོ་༤༩ ལང་མི་ ཕོ་སྐྱེས་དེ་ སློབ་གྲྭ་ཅིག་ནང་ ཐབ་ཚང་པའི་ ལཱ་འགན་འབག་དོ་ཡོདཔ་ད གནམ་དགུན་གྱི་ངལ་གསོ་སྐབས་ དངུལ་ཕོགས་ཆུང་ཀུ་ཅིག་ལས་ འཐོབ་ནི་མེད་མི་གིས་ ནང་མི་བཟའ་ཚང་ ལེ་ཤ་གསོ་དགོ་མི་ཚུ་ཡང་ ཁོ་རའི་ ཚ་བོ་དང་ ཚམོ་ དེ་ལས་ ཨ་ལོ་ཆ་ཁྱབ་ སློབ་གྲྭའི་ངལ་གསོ་སྐབས་ ཁྱིམ་ནང་ལོག་འོང་ནི་དེ་གིས་ཨིན་པས།
གནམ་བྱཱར་ ཨ་ལོ་ཚུ་ སློབ་གྲྭ་ནང་འགྱོ་བའི་སྐབས་ ཁོ་གིས་ ནང་མི་བཟའ་ཚང་༧ གསོ་དོ་ཡོདཔ་ད་ གནམ་དགུན་ སློབ་གྲྭ་ངལ་གསོ་བཏང་པའི་བསྒང་ལས་ ཁོ་གི་ཁྱིམ་ནང་ མི་༡༢ ཡོད་མི་ཚུ་ཡང་ སློབ་རིམ་༧ པ་ལས་༡༢ ཀྱི་བར་ནང་འབད་མི་ ཨ་ལོ་༥ ལྟོ་ཐོབ་སློབ་གྲྭ་ནང་ དཔེ་ཆ་ལྷབ་པར་ འགྱོ་མི་ཚུ་ཨིན་པས།
ཨ་ལོ་༦ གི་ཨ་པ་གིས་ སྤྱི་ལོ་༢༠༡༥ ལུ་ ཨ་ལོ་༤ གི་ཨའི་ ཁོ་གི་སྲིངམོ་དེ་ ཨ་ལོ་གསོ་སྐྱོང་འཐབ་ནིའི་ནང་ གདོང་ལེན་བྱུང་མི་ལུ་བརྟེན་ རང་སྲོག་གཅད་ཡོདཔ་ལས་ ཚེ་འདས་སྲིངམོ་གི་ ཨ་ལོ་ཚུ་ ཁོ་གིས་ གསོ་དགོཔ་ཨིན་པས།
སྲིངམོ་གྱོངས་མིའི་ རྨགཔ་དེ་ སྤྱི་ལོ་༢༠༡༤ ལུ་ མང་སྡེ་ཆུ་ནང་ བཟོ་སྐྲུན་གྱི་ ཅ་ཆས་སྐྱེལ་འདྲེན་འབད་མི་ གྲུ་ཐུག་རྐྱེན་བྱུང་མིའི་ནང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཁོ་གིས་ བུམོ་གཅིག་ ཁྱིམ་ཚང་ཅིག་ལུ་ བྱིན་པའི་ཁར་ ཚམོ་གཅིག་ ཁོ་རའི་ཉེ་ཚན་ཅིག་ལུ་ བྱིན་མི་དེ་ཡང་ ཨ་ལོ་ཚུ་གི་མི་ཚེ་ ལེགས་ཤོམ་འགྱོ་བཅུག་ཐབས་ལུ་ ཨིན་ཟེར་ཨིན་པས།
རོགས་ཀྱི་ས་ཁར་ ལྕགས་ཤོག་གི་ བཟོ་མི་གནས་སྐབས་ཀྱི་ སྦ་སྒོར་ནང་སྡོད་ནི་དེ་ ལཱ་ཁག་ཅིག་ཨིན་མས་ཟེར་ཨིནམ་ད་ ཁོ་གི་གནས་ཚང་གིས་ གཞན་ཁར་ལཱ་ཐོན་པའི་སྐབས་ ལཱ་འབད་བར་སོང་སྟེ་ ལྷན་ཐབས་དུམ་གྲ་རེ་ འབད་དོ་ཡོདཔ་ཨིན་པས།
ཨ་ལོ་ཚུ་གིས་མ་དོ་བར་ ཁོ་སྡོད་སའི་ཉེ་འདབས་ལུ་ སྐྱེས་ལོ་༨༠ ལང་མི་ ཁོ་རའི་ཨ་པ་ མིག་ཏོ་ལུ་ཐོ་ཕོག་མི་དེ་ སྡོད་དོ་ཡོདཔ་ཨིན་པས།
ཨ་པའི་གནས་ཚང་ སྐྱེས་ལོ་༦༠ ལང་མི་དེ་ སྦ་སྒོར་གྱི་ཉེ་འདབས་ལུ་ གྱིབ་ཤོག་གི་གུར་སྤུབས་ཏེ་ སྡོད་དོ་ཡོདཔ་ད་ མོ་ལྟ་མི་ ཨ་ལོ་དང་ ཉེ་ཚན་ག་ཡང་མེདཔ་ཨིན་པས།
ཕོ་སྐྱེས་དེ་གིས་ སླབ་མིའི་ནང་ ཕྱི་རུ་ཨ་རྟག་ར་ ནང་མི་བཟའ་ཚང་ཚུ་ ག་དེ་སྦེ་ གསོ་སྐྱོང་འཐབ་ཚུགས་ག་ཟེར་ ཚ་གྱང་ལང་ཡི་ར་ ཉལ་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཐབ་ཚང་པའི་ལཱ་འགན་དེ་ ཁོ་རའི་ཨ་ལོ་ཚུ་ སྦོམ་ལང་སྟེ་ དཔེ་ཆ་ལྷབ་མ་ཚར་ཚུན་ འབད་སྡོད་ནི་ཟེར་ཨིན་པས།
སློབ་གྲྭ་ནང་ལས་ ཉིནམ་༡ ལམ་འགྲུལ་འབད་དགོ་པའི་ ཁོ་རའི་གཡུས་ཁར་ ཁྱིམ་གཅིག་རྐྱབ་ཡོད་རུང་ ལོག་གཡུས་ཁ་འགྱོ་སྡོད་པ་ཅིན་ ཨ་ལོ་ཚུ་གསོ་ནི་དང་ ཤེས་ཡོན་བྱིན་ནིའི་ནང་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
བར་དོ་རྒཔོ་ ཀུན་བཟང་གྱུར་མེད་ཀྱིས་ སླབ་མིའི་ནང་ རྒེད་འོག་ནང་ གནམ་མེད་ས་མེད་དབུལ་ཕོངས་ཀྱི་ དཀའ་སྡུག་མྱོང་སྡོད་མི་ བཟའ་ཚང་༦ དེ་ཅིག་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ བཟའ་ཚང་ཚུ་གི་ སྐྱིད་སྡུག་གི་ སྙན་ཞུ་ཅིག་ ཕུལ་ཡི་ཟེར་ཨིནམ་ད་ སློབ་རིམ་༡༢ པའི་ནང་ དཔེ་ཆ་ལྷབ་མི་ ཐབ་ཚང་པའི་ཚམོ་དེ་ སློབ་གཉེར་གྲོགས་རམ་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གི་ ཐབ་ཚང་པའི་ཚབོ་དང་ཚམོ་ གཞན་མི་ཚུ་ཡང་ གྲོགས་རམ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་རུང་ རྒེད་འོག་ནང་ ཨ་ལོ་༦ ཡོད་མིའི་བཟའ་ཚང་གཅིག་ ཁྱིམ་ཅིག་ཡང་ རྐྱབ་མ་ཚུགས་པར་ཡོདཔ་ལས་ རྒེད་འོག་དང་ རྫོང་ཁག་བདག་སྐྱོང་༢ མཉམ་རུབ་ཐོག་ལས་ ཁྱིམ་རྐྱབ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ ཐབ་ཚང་པའི་བུཚ་དེ་ སློབ་གྲྭ་ནང་ལས་ ཐོན་སྡོད་ཡོདཔ་ད་ ཨ་པ་གིས་ སླབ་མིའི་ནང་ བུ་དེ་གིས་ བཟའ་ཚང་ལུ་ ཆ་རོགས་འབད་ནི་ཟེར་སླབ་སྟེ་ སྣུམ་འཁོར་གཏང་ནིའི་ སློབ་སྦྱོང་འབད་བར་ སོང་ཡོདཔ་ལས་ ལཱ་ག་དེ་འབད་ཐོབ་ཚུགས་ག་ མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།
རྩོམ་སྒྲིག་པའི་དྲན་ཐོ༔ ཐབ་ཚང་པའི་མིང་དང་ ཁ་གསལ་ཚུ་ ཨ་ལོའི་མཐའ་དོན་ལུ་ མ་བྱིན་པར་བཞག་ཡོདཔ་ཨིན་པས།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *