བཟང་ངན་གྱི་སྐོར་ལས་ ཧ་གོ་མ་ཚུགས་པའི་ ཀོ་སྒྲོམ་གྱི་ལོ་རྒྱུས།

༉ མི་ག་གིས་ཡང་ ཀོ་སྒྲོམ་ནང་ ག་ཅི་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ད་ ཁ་རྒྱུན་དང་ གཡུས་ཁའི་རྒས་ཤོས་ཚུ་གིས་ བཤད་མི་ རྒྱལ་རབས་དང་འཁྲིལཝ་ད་ ཀོ་སྒྲོམ་དེ་ ཁ་ཕྱེ་བ་ཅིན་ རྐྱེན་ངན་ཚུ་ འབྱུང་འོང་ཟེར་ སླབ་དོ་ཡོདཔ་ཨིན་པས།

ཀོ་སྒྲོམ་དེ་ ལོ་དག་པ་ཅིག་གི་ཧེ་མར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཕྱག་དམ་གནང་སྟེ་བཞག་ཡོདཔ་ད་ ལོ་རྒྱུས་ དེ་ རྩི་རང་སྟོད་ལུ་ཡོད་མི་ བདེ་ཆེན་ལྷུན་གྲུབ་ལྷ་ཁང་གི་ ཐོག་ཚད་༣ པའི་ནང་ཡོད་མི་ ཀོ་སྒྲོམ་གྱི་སྐོར་ལས་ཨིན་པས།

ལྕགས་སྒྲོམ་ཅིག་ནང་ བཙུགས་བཞག་མི་ ཀོ་སྒྲོམ་དེ་ རིང་ཚད་ཕིཊ་༣ དང་ རྒྱ་ཚད་ཨིན་ཅི་༡༦ ཡོདཔ་ད་ ལྷ་ཁང་གི་བླམ་ སྒང་ལ་གིས་ སླབ་མིའི་ནང་ ཀོ་རིགས་ག་བཟུམ་ཡོདཔ་ཨིན་ན་ ང་བཅས་ཀྱིས་ མི་ཤེས་པས་ཟེར་ སླབ་ཨིན་པས།

ཀོ་སྒྲོམ་དེ་གི་སྐོར་ལས་ བརྡ་དོན་ཚུ་ ག་ནི་ཡང་མེདཔ་ལས་ ཁོང་གིས་ ནང་པའི་དཔེ་ཆ་དག་པ་ཅིག་ལུ་ གཞི་བཞག་སྟེ་ ཨིནམ་འོང་ཟེར་བའི་ བསམ་བཀོད་མ་གཏོགས་ ཀོ་སྒྲོམ་དེ་དང་འབྲེལ་བ་ཡོད་མེད་ཡང་ མི་ཤེས་པས་ཟེར་ཨིན་པས།

ཀོ་སྒྲོམ་དེ་ ལྷ་ཁང་དེ་ནང་ ག་དེ་སྦེ་ ལྷོད་ཡོདཔ་ཨིན་ནའི་སྐོར་ལས་ ལོ་རྒྱུས་ཁག་༢ སྦེ་ བཤད་སྲོལ་ཡོདཔ་ད་ བླམ་དང་ འཁྲིལཝ་ད་ ཀོ་སྒྲོམ་དེ་ནང་ ཞབས་དྲུང་གི་སྐུ་འདྲ་ཡང་ ཡོདཔ་འོང་ནི་མས་ཟེར་ཨིན་པས།

བླམ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ དབང་འདུས་ བྱ་རོ་སྒང་ལུ་བྱོནམ་ད་ ཨམ་སྲུ་༡ གིས་ གསོལཝ་དྲང་པའི་སྐབས་ ཞབས་དྲུང་གིས་ ལྟོ་ཨ་ཁམ་༢ བཅམས་བཞག་མི་དེ་ ཤུལ་ལས་ སྐུ་འདྲ་༢ ལུ་གྱུར་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།

སྐུ་འདྲ་༡ བྱ་རོ་སྒང་ལུ་ཡོད་རུང་ གཞན་མི་དེ་ རྩི་རང་སྟོད་རྫོང་ནང་ འཕུར་བྱོན་པའི་ ལོ་རྒྱུས་བཤད་ནི་འདུག་ཟེར་ བླམ་གིས་ བཤདཔ་ཨིན་པས།

ཀོ་སྒྲོམ་དེ་ ས་གནས་ཀྱི་གནས་བདག་ གཟའ་བཙན་གྱི་ ཨིནམ་འོང་ནི་མས་ཟེར་ སླབ་མི་དེ་ཡང་ གཟའ་དང་བཙན་གྱི་ཨིན་པ་ཅིན་ ཁ་ཕྱེ་ནི་མི་འོང་ཟེར་ སླབ་སྲོལ་ཡོད་ནི་དེ་གིས་ ད་ལྟོ་ཚུན་ ཁ་མ་ཕྱེ་བར་ བཞག་བཞགཔ་འོང་ནི་མས་ཟེར་ བཤདཔ་ཨིན་པས།

ལོ་རྒྱུས་གཞན་མིའི་ཐད་ཁར་ ཀོ་སྒྲོམ་དེ་ རྩི་རང་སྟོད་རྫོང་དང་འབྲེལ་བ་ཡོདཔ་སྦེ་ སླབ་སྲོལ་ཡོད་མི་དེ་ཡང་ རྫོང་དེ་ཉམས་ཆགས་ཤོརཝ་ད་ ནང་རྟེན་ཚུ་ རྒྱལ་ཡུམ་གཅིག་གིས་ མིང་བཏགས་གནང་མི་ བདེ་ཆེན་ལྷུན་གྲུབ་ལྷ་ཁང་ཟེར་མི་ བཟའ་ཚང་ཅིག་གི་ཁྱིམ་ནང་ བསྐྱལ་ཡོདཔ་སྦེ་ཨིན་པས།

ཁྱིམ་དེ་ནང་གི་བརྒྱུད་པ་ ད་ལྟོ་ ལྷ་ཁང་བདག་འཛིན་པ་ཨིན་མི་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ ཁོ་གི་མི་རྒྱུད་ཚུ་གིས་ ཁྱིམ་དེ་ཧེ་མར་ བཟའ་ཚང་གི་ཁྱིམ་ཨིནམ་ལས་ འོག་ཐོག་ལུ་ ཕགཔ་གི་ཁྱིམ་ཡང་ཡོད་པའི་ ལོ་རྒྱུས་སླབ་ནི་འདུག་ཟེར་ཨིན་པས།

གཡུས་ཁའི་རྒས་ཤོས་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་དེ་ གྱང་ཁོག་འགྱོ་ནི་ཨིནམ་ ཤེས་པའི་ཤུལ་ལས་ ཀོ་སྒྲོམ་དེ་ལྷ་ཁང་དེ་ནང་ བསྐྱལ་བཞག་ཡོདཔ་འོང་ནི་མས་ཟེར་ཨིན་པས།

རྫོང་དེ་ ལོ་ངོ་༢༠༠དེ་ཅིག་གི་ཧེ་མར་ཡོད་པའི་ ལོ་རྒྱུས་ཨིནམ་ལས་ སྒང་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀོ་སྒྲོམ་དེ་ ལོ་༣༠༠དེ་ཅིག་ སོང་ཡོདཔ་འོང་ནི་མས་ཟེར་ཨིན་པས།

ལོ་དག་པ་ཅིག་གི་ཧེ་མར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ས་གནས་ནང་བྱོན་ཏེ་ ཀོ་སྒྲོམ་དེ་ ཁ་ཕྱེ་ནིའི་དོན་ལུ་ མོ་བཏབ་གནངམ་ད་ ལེགས་ཤོམ་མ་ཐོནམ་ཨིན་པས།

དེ་ལས་འགོ་བཙུགས་ ཀོ་སྒྲོམ་དེ་ མི་ཚུ་གིས་ མ་མཐོངམ་སྦེ་ ཉེན་སྲུང་ལྡན་པའི་ ལྕགས་སྒྲོམ་ཅིག་ནང་ ཐིའུ་རྐྱབ་བཞག་ཡི་ཟེར་ བླམ་གིས་ བཤད་ཡོད་པའི་ཁར་ སྒང་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ལུ་ སྒྲོམ་ཁ་ཕྱེ་ནིའི་དུས་ཚོད་ མ་རན་པས་ཟེར་ སླབ་སྟེ་ཡོད་ཟེར་ཨིན་པས།

གཡུས་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལོ་དག་པ་ཅིག་གི་ཧེ་མར་ གོ་གནས་ཅན་ཚུ་གིས་ ཀོ་སྒྲོམ་དེ་ ཁ་ཕྱེ་ནིའི་དཔའ་བཅམ་ད་ གཡུས་སྒོ་དེ་ནང་ རང་བཞིན་གྱི་རྐྱེན་ངན་ ཆརཔ་དང་རླུང་འཚུབས་འཕུ་ཡི་ཟེར་ སླབ་ཨིན་པས།

དེ་བཟུམ་མའི་ རྟགས་མཚན་ངན་པ་ཚུ་ འབྱུང་འོང་མནོ་སྟེ་ མི་སྡེ་གིས་ མི་ག་ལུ་ཡང་ ཀོ་སྒྲོམ་དེ་ ཁ་ཕྱེ་མ་བཅུག་པར་ བཞག་ཡོདཔ་ཨིན་པས།

མི་མང་ཤོས་ཅིག་གིས་ ཀོ་སྒྲོམ་དེ་ རང་སོའི་ རེ་དོན་ཚུ་འགྲུབ་ནིའི་དོན་ལུ་ དངོས་གྲུབ་ཞུ་ས་ཅིག་སྦེ་ ཡིད་ཆེས་བསྐྱེད་དོ་ཡོདཔ་ད་ བསོད་ནམས་ཚེ་རིང་གིས་ སླབ་མིའི་ནང་ དུས་ཚོད་ཁར་ མཆོདཔ་ཕུལ་ཏེ་བཞག་པ་ཅིན་ དངོས་གྲུབ་གནང་ནི་ཡོད་ཟེར་ཨིན་པས།

གཞན་མི་ཅིག་གིས་ སླབ་མིའི་ནང་ མདའ་རྩེད་དང་ རྐང་རྩེད་ལ་སོགས་པའི་ རྩེད་འགྲན་འབད་མི་ཚུ་གིས་ རྩེད་འགྲན་འགོ་མ་བཙུགས་པའི་ཧེ་མར་ སྒྲོམ་དེ་ཁ་ལས་ སྐྱབས་འཚོལ་བ་ཅིན་ རྒྱལ་ཁ་འཐོབ་ཚུགསཔ་ཨིན་ཟེར་ ཨིན་པས།

ཐག་རིང་ས་སྡོད་མི་ ལ་ལོ་ཅིག་གིས་ བདག་འཛིན་པ་དང་ བླམ་དང་འབྲེལ་བ་འཐབ་སྟེ་ ཁོང་གི་དོན་ལུ་ སྙན་དར་ཚུ་ ཕུལ་ བཅུག་དོ་ཡོདཔ་ད་ སྒང་ལ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རང་རྐྱང་དོན་ལུ་མེན་པར་ རྒྱལ་ཁབ་ཀྱི་མཐའ་དོན་ལུ་ སྨོན་ལམ་བཏབ་དགོ་ཟེར་ཨིན་པས།

ཨིན་རུང་ ས་གནས་ནང་སྡོད་མི་ཚུ་གིས་ ཀོ་སྒྲོམ་གྱི་ནང་ན་ཡོད་མི་ ཅ་ལ་དེ་ལས་ དངོས་གྲུབ་ཞུ་ནི་དང་ ཡང་ཅིན་ ངན་པ་ག་ཅི་ཡོདཔ་ཨིན་ན་ ཤེས་དགོ་མནོ་སྟེ་ཡོདཔ་ལས་ མ་འོངས་པ་ལུ་ ཉིནམ་ལེགས་ཤོམ་ཅིག་འོང་ནི་ལུ་ སྒུག་སྟེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *