བཞེས་སྒོའི་ཚབ་ལུ་ འཐུས་སྤྲོད་མི་དེ་ ཐབས་བྱུས་ལེགས་ལྡན།

༉ དུས་ཅི་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་ཏེ་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ཉིན་ལྟོའི་ཚབ་ལུ་ འཐུས་སྤྲོད་ནིའི་ ལམ་ལུགས་བཟོ་མི་དེ་ ལེགས་ཤོམ་ཅིག་ཨིན་མས།
ན་ཧིང་ཚུན་ རྒྱལ་ཡོངས་གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ ལས་གཡོག་ལྷན་ཁག་གིས་ ཉིན་ལྟོ་བྱིན་སྲོལ་ཡོད་མིའི་ཚབ་ལུ་ ད་རེས་ ལྟོ་འཐུས་སྦེ་ མི་རེ་ལུ་ དངུལ་ཀྲམ་༢༠༠ རེ་ བྱིན་མི་དེ་གིས་ གཞུང་གི་མ་དངུལ་ ཆུད་ཟད་འགྱོ་ནི་ལས་ བཀག་ཚུགས་ནི་ཨིན་མས།
མ་གཞི་ ཧེ་མའི་ལམ་ལུགས་དེ་ཡང་ སྟབས་མ་བདེཝ་མེད་རུང་ བཞེས་སྒོ་ལེགས་ཤོམ་ མ་ཐོབ་པའི་ དཀའ་ངལ་ཚུ་ ཐོན་ཡོདཔ་མ་ཚད་ གོམས་འདྲིས་ལས་རིམ་ནང་ བཅའ་མར་གཏོགས་མི་ མཐོ་རིམ་སློབ་ཕྲུག་ལེ་ཤ་ཡོད་མི་ལུ་བརྟེན་ རེ་ཚེ་སྐབས་ ལྟོ་མ་ལང་པའི་ དཀའ་ངལ་ཚུ་ ཐོན་ཡོདཔ་ཨིན་མས།
དེ་བསྒང་ ལྷན་ཁག་གི་ ཁ་ཐུག་ལས་ བཞེས་སྒོ་བྱིན་མི་དེ་གིས་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ཚུ་ལུ་ མེན་པར་ བཞེས་སྒོ་སྐྱེལ་དྲང་འབད་མི་ ཟ་ཁང་དང་ བར་ན་ ལཱ་འབད་མི་ཚུ་ལུ་ ཁེ་ཕན་བྱུང་ཡོདཔ་སྦེ་ ལ་ལོ་གིས་ བཤད་ནི་འདུག།
ག་འཆརཔ་ཟེར་བ་ཅིན་ དེ་བཟུམ་བཞེས་སྒོ་མཁོ་སྤྲོད་འབད་མི་ཚུ་གིས་ བཞེས་སྒོའི་སྤུས་ཚད་ལུ་ ཤུགས་མ་བཏོན་པར་ ཁེ་སང་བཟོ་ནི་ལུ་ གཙོ་བོར་བཏོན་མི་ལུ་བརྟེན་ འོང་ནི་མས།
མ་གཞི་ ལས་གཡོག་ལྷན་ཁག་གིས་ བཞེས་སྒོ་སྐྱེལ་དྲང་གི་དོན་ལུ་ རིན་བསྡུར་ཡི་གུ་བཙུགས་ཐོག་ལས་ གོང་ཚད་དམའ་ཤོས་བཀོད་མི་ཚུ་ལུ་ བྱིན་སྲོལ་ཡོད་རུང་ གོམས་འདྲིས་ལས་རིམ་༡ ནང་ར་ གཞུང་གི་ཁ་ཐུག་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦ དེ་རེ་ གནསཔ་ཨིན་མས།
དུས་ཅི་ལས་ བཞེས་སྒོ་མེན་པར་ ལམ་རིམ་ནང་ བཅའ་མར་གཏོགས་མི་༢,༢༦༣ ལུ་ ཉིནམ་རེ་ལུ་ བཞེས་སྒོའི་འཐུས་ དངུལ་ཀྲམ་༢༠༠ རེ་ སྤྲོད་མི་ལུ་བརྟེན་་ ཟད་འགྲོ་ལེ་ཤ་ཅིག་ མར་ཕབ་འབད་ཚུགས་མི་དེ་ཡང་ མི་རེ་ལུ་ དངུལ་ཀྲམ་༢༠༠ རེ་བྱིནམ་ད་ ཉིན་གྲངས་༨ ཀྱི་རིང་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༦༢ དེ་ཅིག་ལས་བརྒལ་ མི་གནས་དོ་ཡོདཔ་ལས་ གཞུང་ལུ་ སྐུ་གྱོང་སྦོམ་མ་ཕོག་པའི་ ཁེ་ཕན་འདུག།
དེ་མ་ཚད་ བཅའ་མར་གཏོགས་མི་ཚུ་ལུ་ཡང་ འཐུས་བྱིན་མི་དེ་གིས་ རང་གི་གདམ་ཁ་དང་འཁྲིལ་ བཞེས་སྒོ་ཉོ་ཟ་ཚུགས་ནི་ཨིནམ་ལས་ འཕྲོ་བརླག་མི་འགྱོ་ནི་དང་ རང་སོའི་བྱ་སྟབས་བདེ་ཧིང་དང་འཁྲིལ་ ལ་ལོ་གིས་ རང་གི་ཁྱིམ་ནང་ལས་ ལྟོ་བཅིང་འབག་སྟེ་ཟ་རུང་ མ་བཏུབ་མི་འོང་ནི་ཨིན་མས།
ད་རུང་ འགོ་འདྲེན་པའི་ ཁ་ཐུག་ལས་ བཞེས་སྒོ་བྱིནམ་ད་ ལྟོ་ལྷག་ཚུ་ ག་ལྷོད་སར་ བཀོག་མི་ལུ་བརྟེན་ ས་གོ་ཁམས་ལོག་སི་སི་ བཟོཝ་མ་ཚད་ ཕྱགས་སྙིགས་ཀྱི་ དཀའ་ངལ་ཚུ་ཡང་ ཐོན་ནི་ཡོདཔ་ད་ ད་རེས་ བཅའ་མར་གཏོགས་མི་ ཁོང་ར་གིས་ གྲ་སྒྲིག་ཐོག་ ཟ་བའི་བསྒང་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་གྱི་ ཚ་གྱང་ཡང་ ལང་དགོཔ་ཅིག་མིན་འདུག།
ད་ལས་ཕར་ གཞུང་འབྲེལ་གྱི་ལས་རིམ་ ག་རའི་ནང་ གསོལ་ཚོགས་ཀྱི་ཚབ་ལུ་ འཐུས་སྤྲོད་ནིའི་ ལམ་ལུགས་བཟོ་བ་ཅིན་ མི་མང་གི་མ་དངུལ་ ཆུད་ཟད་འགྱོ་ནི་ལས་ ལེ་ཤ་གིས་ བཀག་ཚུགས་ནི་ཨིནམ་ལས་ གཞུང་གིས་ དེ་བཟུམ་མའི་ལམ་ལུགས་ འགོ་བཙུགས་པ་ཅིན་ སྤྱིར་བཏང་རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ཡང་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *