༉ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ རྩིས་འཛིན་གཙོ་འཛིན་འགོ་དཔོན་བགྲེསཔ་གིས་ གཞུང་དངུལ་ལྐོག་ཟ་དང་ ཡིག་ཚང་ནང་ བྱ་སྤྱོད་ངན་པ་འབད་བའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་ངོ་༩ དང་ཟླཝ་༦ བཀལ་ཡོད་མི་ལུ་ ཁེ་རྒུད་མ་བཏབ་པར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ལུ་ སྤྱི་ཟླ་༦ པའི་ཚེས་༢ ལུ་ ཐིམ་ཕུག་ཞི་རྩོད་ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ཚུ་ལུ་ གཞི་བཞག་ཐོག་ལས་ རྩོད་བཤེར་དང་ཞིབ་བཤེར་འབད་དེ་ བཙོན་ཁྲིམས་བཀལ་ཡོད་མི་ལུ་ མཐོ་གཏུགས་འབད་ནི་གི་ ཡི་གུ་བཙུགས་ཡོད་རུང་ གནད་དོན་ག་ནི་ཡང་ བཀོད་དེ་མིན་འདུག།
མཐོ་གཏུགས་ཡི་གུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ ཞུ་ནིའི་གནད་དོན་ཚུ་ག་ར་ ཆེ་མཐོ་ཁྲིམས་འདུན་གྱིས་ སྙན་གསན་འབད་བའི་སྐབས་ རིམ་པ་བཞིན་དུ་ ཞུ་ནི་ཨིན་ཟེར་ཨིནམ་ད་ ཐོག་མའི་ཁྲིམས་འདུན་ལུ་ མཐོ་གཏུགས་དོན་ལས་ ཐོ་བཀོད་འབད་དགོ་པའི་ ཞུ་ཡིག་བཙུགས་མི་དེ་ ཆེ་མཐོ་ཁྲིམས་འདུན་ལུ་ བཙུགས་ནུག།
ཆེ་མཐོ་ཁྲིམས་འདུན་གྱི་ འགོ་དཔོན་ཚུ་གིས་ རྩོད་བཤེར་དེ་གི་སྐོར་ལས་ བཤད་དོ་བཟུམ་འབད་བ་ཅིན་ འཕྲལ་མགྱོགས་ར་ སྙན་གསན་གྱི་དོན་ལུ་ འབོ་འོང་ཟེར་ཨིན་རུང་ ནམ་འབོ་ནི་ཨིན་ན་ གཏན་འཁེལ་མེདཔ་ཨིན་པས།
རྩོད་བཤེར་དེ་ཡང་ ཉེས་འཛུགས་ཅན་གྱིས་ སྤྱི་ལོ་༢༠༡༢ ལུ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ནང་ སྡོད་པའི་སྐབས་ དར་དཀར་ནང་རྫོང་ཁག་ནང་ མི་སྡེ་བརྡ་དོན་ལྟེ་བ་ བཟོ་སྐྲུན་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༢.༢ ལྷགཔ་ཅིག་ལུས་མི་དེ་ ལྷན་ཁག་ལུ་ ལོག་བཏང་པའི་སྐབས་ ཁོ་རའི་ རྩིས་དེབ་ནང་ བཙུགས་པའི་ཤུལ་ལས་ སྒེར་སྤྱོད་འབད་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༤ ལུ་ ནང་སྲིད་ལྷན་ཁག་འོག་གི་ སྲོལ་འཛིན་ལས་ཁུངས་ནང་ གནས་སོར་འགྱོ་བའི་ཤུལ་ལས་ཡང་ ཧིན་དུ་ཆོས་ཚོགས་ཀྱི་དོན་ལུ་ དངུལ་ཀྲམ་འབུམ་༡༠ དང་ ཀེ་ཌབ་ལུ་ཁག་འབག་གི་ མིང་ཐོ་ཁར་ དངུལ་ཀྲམ་འབུམ་༧ བཅས་ བསྡོམས་དངུལ་ཀྲམ་འབུམ་༡༧ སྒེར་སྤྱོད་འབད་ཡོད་མི་དེ་ ཞི་གཡོག་པའི་ཡིག་ཚང་གི་ བྱ་སྤྱོད་ངན་པ་འབད་བའི་ ཉེས་འཛུགས་ཁག་༤ འབད་ནུག།
ཉེས་འཛུགས་ཅན་ ཨོ་རྒྱན་ཚེ་རིང་གིས་ རྩོད་བཤེར་འབད་བའི་སྐབས་ ཉེས་འཛུགས་དེ་ཚུ་ལུ་ ངོས་ལེན་འབད་མ་བཏུབ་པའི་ཁར་ ཁོ་གིས་ དར་དཀར་རྫོང་ཁག་ལས་བཏང་མི་ ལྷག་ལུས་མ་དངུལ་དེ་ དངུལ་འཛིན་ཅེག་༢ སྦེ་ འོང་མི་ལས་༡ བྱང་སྟོར་ཤོར་བའི་ཤུལ་ལས་ ལྷག་ལུས་ཚུ་ ཁོ་རའི་སྒེར་གྱི་རྩིས་ཁྲ་ནང་ བཙུགས་བཞག་མི་ལུ་ འཛོལ་བ་ཡོདཔ་ཨིན་པས།
བསམ་སྦྱོར་ངན་པའི་ཐོག་ལས་ དངུལ་ལྐོག་ཟ་འབད་ནི་གི་ དམིགས་གཏད་མེདཔ་མ་ཚད་ རྒྱལ་ཡོངས་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཆད་བཏོན་པའི་ཤུལ་ལས་ བརྒྱ་ཆ་༢༤ སྐྱེད་དང་སྦྲགས་ཏེ་ གཞུང་རྩིས་ནང་ ལོག་བཙུགས་ཚར་ཏེ་ཡོད་ཟེར་ཞུ་ནུག།
སྲོལ་འཛིན་ལས་ཁུངས་ནང་སྡོད་པའི་སྐབས་ ཁག་འབགཔ་ ཀེ་ཌབ་ལུ་གི་ བློ་གཏད་མ་དངུལ་ དངུལ་ཀྲམ་འབུམ་༧ དང་ ཧིན་དུའི་ཆོས་ཚོགས་ཀྱི་ དངུལ་ཀྲམ་འབུམ་༡༠ སྒེར་སྤྱོད་འབད་མི་དེ་ཡང་ ལོག་གཞུང་རྩིས་ནང་བཙུགས་ཡོདཔ་ལས་ གཞུང་གི་མ་དངུལ་དུམ་གྲ་ཅིག་ ཚུལ་མིན་སྤྱོད་མི་དེ་ཡང་ ལོག་བཏབ་ཚར་ཡོདཔ་ལས་ ཉེས་འཛུགས་ཕྱིར་བཏོན་འབད་དགོཔ་སྦེ་ ཞུ་ནུག།
དེ་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ངོ་ཚབ་ཀྱིས་ གཞུང་གི་མ་དངུལ་སྒེར་སྤྱོད་འབད་མི་དེ་ ཉེས་རྩོད་ཀྱི་ བྱ་སྤྱོད་ངན་པ་ཨིན་པའི་ཁར་ སྲོལ་འཛིན་ལས་ཁུངས་ནང་ སྡོད་པའི་སྐབས་ལུ་ སྒེར་སྤྱོད་འབད་མི་དེ་ཡང་ དར་དཀར་ནང་རྫོང་ཁག་ལས་བཏང་མི་ མ་དངུལ་གྱི་ཚབ་ ལོག་བཏབ་ནིའི་དོན་ལུ་ འབད་ཡོདཔ་ལས་ ཁྲིམས་མཐུན་ཐོག་ངོས་ལེན་འབད་དགོཔ་སྦེ་ ཁྲིམས་འདུན་ལུ་ཞུ་ནུག།
སྐྱེས་ལོ་༥༩ ལང་མི་ ཨོ་རྒྱན་ཚེ་དབང་དེ་ སྤྱི་ལོ་༢༠༠༨ ཟླ་༡༢ པའི་ཚེས་༨ ལས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་ནང་ རྩིས་འཛིན་འགོ་དཔོན་སྦེ་ འཛུལ་བའི་ཤུལ་ལས་ སྤྱི་ལོ་༢༠༡༤ ཟླ་༡ པའི་ཚེས་༢༡ ལུ་ ནང་སྲིད་ལྷན་ཁག་གི་ སྲོལ་འཛིན་ལས་ཁུངས་ནང་ རྩིས་འཛིན་གཙོ་འཛིན་འགོ་དཔོན་འོགམ་སྦེ་ གནས་སོར་བཏང་ཡོདཔ་ཨིན་པས།
རྩོད་བཤེར་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ དར་དཀར་ནང་རྫོང་ཁག་གི་ མ་དངུལ་དེ་ སྤྱི་ལོ་༢༠༡༣ ཟླཝ་༧ པའི་ནང་ ཁོ་རའི་ རྩིས་ཁྲ་ནང་བཙུགས་མི་དེ་ ལོ་༡ དེ་ཅིག་གི་ཤུལ་ལས་ ལོག་གཞུང་ལུ་ བཙུགས་ཡོདཔ་ད་ མ་དངུལ་གཞན་དེ་ ཟླ་ངོ་༢ དེ་ཅིག་གི་རིང་ ཁོ་རའི་རྩིས་ཁྲ་ནང་ བཞག་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ ནང་སྲིད་ལྷན་ཁག་ནང་ སྡོད་པའི་སྐབས་ གཞུང་གི་མ་དངུལ་ཚུ་ སྐབས་ཅིག་སྤྱོད་ནིའི་དོན་ལུ་ ཁོ་གི་བཀོད་རྒྱ་ལྟར་དུ་ རྩིས་འཛིན་པ་ པུར་ན་ཀུ་མར་ཆེ་ཏི་རི་དང་ ཚུལ་ཁྲིམས་སྒྲོལ་མ་ དེ་ལས་ འཕྲིན་ལས་བཟང་མོ་༣ ཡང་ འབྲེལ་བ་ཡོདཔ་ཨིན་རུང་ ཞིབ་དཔྱད་འབད་བའི་སྐབས་ སྡོང་ཟླ་འབད་བའི་ མངོན་གསལ་ག་ནི་ཡང་ མ་བྱུངམ་ཨིན་པས།
ཁྲིམས་འདུན་གྱིས་ ཞིབ་བཤེར་འབད་བའི་སྐབས་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་མ་དངུལ་ སྒེར་རྩིས་ནང་བཙུགས་མི་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་༢༠༡༡ ཅན་མ་དང་ འགལ་ཡོདཔ་ལས་ རིན་ཐང་དང་བསྟུན་པའི་ཁྲིམས་ཚད་ དབྱེ་རིམ་༢ པའི་བཙོན་ཁྲིམས་ ལོ་༩ དང་ཟླཝ་༦ སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
བཙོན་ཁྲིམས་ལོ་༩ པོ་དེ་ གཞུང་དངུལ་སྤྱོད་མི་དང་ ཟླཝ་༣ དེ་ ཡིག་ཚང་ནང་ བྱ་སྤྱོད་ངན་པ་འབད་མི་ལུ་བརྟེན་ཨིནམ་ད་ ཉེས་འཛུགས་ཅན་ཁོ་ར་ རྩོད་བཤེར་འགོ་བཙུགས་པའི་ཤུལ་ལས་ གཡོག་ནང་ལས་ དགོངས་ཞུ་འབད་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།