བཙན་སྐྱོགས་ཀྱིས་ གཱོལ་བཙུགས་པའི་བསྒང་།

བཙན་སྐྱོགས་རྒྱལ་མཚན་གྱིས་ ཨའི་ཨེས་ཨེལ་རྩེད་འགྲན་ནང་ གཱོལ་དང་པ་བཙུགས་ཡོདཔ།

༉ སྤྱི་ཟླ་༡༢ པའི་ཚེས་༥ ལུ་ རྒྱ་གར་གོ་ཧ་ཊི་ ཨིན་དར་གཱན་དྷི་རྩེད་ཐང་ནང་ ཨིན་ཌི་ཡེན་ སུ་པར་ལིག་གི་ རྩེད་འགྲན་ནང་ བེང་ག་ལུ་རུ་དང་ ནོརཏ་ཨིསཊ་ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་རྐང་རྩེདཔ་ བཙན་སྐྱོགས་རྒྱལ་མཚན་གྱིས་ རྩེད་འགྲན་ནང་ གཱོལ་༡ བཙུགས་ཡོདཔ་ཨིན་པས།
བཙན་སྐྱོགས་རྒྱལ་མཚན་གྱིས་ ཨའི་ཨེས་ཨེལ་རྩེད་འགྲན་ནང་ འཛུལ་ཞུགས་འབད་དེ་ ད་རེས་བཙུགས་མིའི་གཱོལ་དེ་ གཱོལ་དང་པ་ཨིན་པའི་ཁར་ ཁོ་གིས་ རྩེད་འགྲན་ནང་ལས་ རྐང་རྩེདཔ་དྲག་ཤོས་ཀྱི་ མིང་ཡང་ཐོབ་ཡོདཔ་ཨིན་པས།
རྩེད་འགྲན་འགོ་བཙུགས་ཏེ་ དུས་ཡུན་སྐར་མ་༧༡ ཚུན་ བཙན་སྐྱོགས་རྒྱལ་མཚན་ རྩེད་འགྲན་པའི་གྲས་ཁར་ མེདཔ་ཨིན་རུང་ སྐར་མ་༧༡ ལས་ ཁོ་སོར་ཐེབས་སྦེ་ བཙུགས་ཡོདཔ་ད་ ཁོ་གིས་ རིག་རྩལ་ཚུ་བཏོན་ཏེ་ གཱོལ་བཙུགས་ནིའི་ གོ་སྐབས་ཐོབ་མི་དང་བསྟུན་ གཱོལ་བཙུགས་ནིའི་དཔའ་ཅམ་རུང་ མཐར་འཁྱོར་བྱུང་མ་ཚུགས་པར་ དུས་ཡུན་སྐར་མ་༩༠ ཚང་སྟེ་ རྒྱལ་ཡོངས་རྩེད་འགྲན་ལམ་ལུགས་ལྟར་ དུས་ཐེབས་སྐར་མ་༥ བྱིན་མིའི་ནང་ ཁོ་གིས་ སྐར་མ་༩༢ ལུ་ གཱོལ་བཙུགས་ཡོདཔ་ཨིན་པས།
བེང་ག་ལུ་རུ་སྡེ་ཚན་དེ་ རྩེད་འགྲན་འགོ་བཙུགས་ཞིནམ་ལས་ ད་ཚུན་ རྩེད་འགྲན་ཐེངས་༩ རྩེད་མིའི་ནང་ རྒྱལ་ཁ་ཐོབ་སྟེ་འོང་ཡོདཔ་ད་ སྤྱི་ཚེས་༥ གི་ རྩེད་འགྲན་སྐབས་ བཙན་སྐྱོགས་ཀྱིས་ གཱོལ་བཙུགས་མ་ཚུགས་པ་ཅིན་ སྡེ་ཚན་དེ་ འགོ་དང་པ་ཕམ་ནི་གུ་ ལྷོད་ཡོདཔ་ཨིན་རུང་ ཁོ་གི་གཱོལ་དེ་གིས་ སྡེ་ཚན་དེ་ སྐུག་ཐོ་ཤོས་ཀྱི་གྲངས་སུ་ ཚུད་ཡོདཔ་ཨིན་པས།
རྩེད་འགྲན་མཇུག་བསྡུ་བའི་ཤུལ་ བཙན་སྐྱོགས་རྒྱལ་མཚན་གྱི་ མི་སྡེ་བརྡ་བརྒྱུད་ ཕེས་བུག་དང་ ཨིནསི་ཊ་ག་རམ་ནང་ ཁོ་རའི་སྡེ་ཚན་གྱི་ སློབ་སྟོན་པའི་ཁ་ཐུག་ལས་ ཁོ་ལུ་རྒྱབ་སྐྱོར་དང་ ཡིད་ཆེས་སྦོམ་ཡོདཔ་ལས་བརྟེན་ གྲུབ་འབྲས་ལེགས་ཤོམ་བྱུང་ཡི་ཟེར་བཀོད་ཡོདཔ་ཨིན་པས།
ད་རུང་ བེང་ག་ལུ་རུ་སྡེ་ཚན་གྱི་ རྒྱབ་སྐྱོར་པ་ཚུ་དང་ ཁོ་ལུ་དགའ་མི་འབྲུག་མི་ ཁོ་གི་རྩེད་འགྲན་ལྟ་བར་འོང་མི་ འབྲུག་ལུ་ ཁོ་རའི་ཕམ་སྤུན་ཆ་ རྒྱབ་སྐྱོར་g ;y et, ཁོ་ལུ་ ཡིད་ཆེས་བསྐྱེད་མི་ག་ར་ལུ་ བཀྲིན་དགའ་ཚོར་ཡོད་ཟེར་ བཀོད་ཡོདཔ་ཨིན་པས།
ད་ལྟོ་ འགོ་བཙུགསཔ་ཅི་ཨིནམ་ལས་ ད་ལས་ཕར་ ཁོ་གིས་ ཧེང་སྐལ་ར་ རྩ་འགེངས་སྟེ་ རྩེད་འགྲན་འབད་འོང་ཟེར་ བཙན་སྐྱོགས་རྒྱལ་མཚན་གྱིས་ བཀོད་ཡོདཔ་ཨིན་པས།
ཨེ་ཤི་ཡ་ལུང་ཕྱོགས་ནང་ ཡོངས་གྲངས་ཅན་གྱི་ རྐང་རྩེདཔ་ སུ་ནིལ་ཆེ་ཏི་རི་དང་ དེ་བཟུམ་སྦེ་ ཕྱི་རྒྱལ་ལས་ ཡོངས་གྲངས་ཅན་གྱི་ རྐང་རྩེདཔ་ཚུ་དང་ སྡེ་ཚན་ཅིག་ནང་ རྩེད་འགྲན་འབད་དགོཔ་ལས་ ཨའི་ཨེས་ཨེལ་རྩེད་འགྲན་ འགོ་བཙུགས་པའི་སྐབས་ བཙན་སྐྱོགས་རྒྱལ་མཚན་དེ་ རྐང་རྩེདཔ་དང་པ་༡༡ གི་གྲས་ཁར་ ཚུད་མ་ཚུགསཔ་ཨིན་པས།
བརྡ་བརྒྱུད་ནང་ བེང་ག་ལུ་རུ་གི་ སློབ་སྟོན་པ་ ཨིས་པེན་ལས་ཨིན་མི་ ཀཱར་ལེས་ཀུ་དཱ་རཏ་གིས་ སོར་ཐེབས་སྦེ་ ཁོ་བཙུགས་མི་དེ་ བྱང་ཕྱད་དང་ཕྱདཔ་ད་ ལེགས་ཤོམ་འགྱོ་བཏུབ་ཅི་ཟེར་ཨིནམ་ད་ བཙན་སྐྱོགས་རྒྱལ་མཚན་གྱི་ གཱོལ་བཙུགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
བཙན་སྐྱོགས་རྒྱལ་མཚན་གྱིས་ བེང་ག་ལུ་རུ་སྡེ་ཚན་ནང་ དུས་ཅི་ ལོ་འགོ་བཙུགས་པའི་སྐབས་ལུ་ མིང་རྟགས་བཀོད་ཡོདཔ་ད་ དེ་གི་ཧེ་མར་ ཁོ་གིས་ ཨའི་ལིག་ རྩེད་འགྲན་རྒྱལ་ཁ་ཐོབ་མི་ མཱ་ནི་བར་པཱན་ཇབ་སྡེ་ཚན་ནང་ རྩེད་འགྲན་འབད་ཡོདཔ་ད་ སྡེ་ཚན་དེ་ རྒྱལ་ཁ་ཐོབ་ཚུགས་ནི་ལུ་ བཙག་སྐྱོགས་ཀྱི་ འགན་ཁུར་སྦོམ་འབག་ཡོདཔ་མ་ཚད་ ཁོ་གིས་ རྐང་རྩེདཔ་གདོང་ཁར་རྩེ་མི་དྲག་ཤོས་ཀྱི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
བཙན་སྐྱོགས་རྒྱལ་མཚན་སྡེ་ཚན་གྱི་ རྩེད་འགྲན་ཤུལ་མམ་དེ་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ མོམ་བའི་སི་ཊི་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *