ཆུ་གཡུར་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ བཙན་མདའ་སྒང་གི་འཁོར་ལམ།

བཙན་མདའ་སྒང་གི་ མི་སེར་ཚུ་ འདམ་རྫབ་ཅན་གྱི་འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་མི་དགོ་ནི།

༉ ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་རིང་ བཙན་མདའ་སྒང་གི་ མི་སེར་ཚུ་ ཐལཝ་དང་འདམ་ཡོད་པའི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་དགོཔ་བྱུང་མི་དེ་ ཟླཝ་༡ གི་ཤུལ་ལས་ རྩི་ནག་བཏང་མི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་ཚུགས་ནི་ཨིན་པས།
དར་དཀར་དཔལ་ལ་ལུ་ སྒེར་སྡེ་ནང་ ལཱ་འབད་མི་ཅིག་ཨིན་མི་ མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གནམ་བྱཱར་འབད་བ་ཅིན་ འདམ་དང་ གནམ་དགུན་ཨིན་པ་ཅིན་ ཐལཝ་ཡོད་མི་ འཁོར་ལམ་བདའ་སྟེ་ འགྲོ་འགྲུལ་འབད་དགོ་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
དེ་མ་ཚད་ མོ་རའི་ཁྱིམ་དེ་ སྣུམ་འཁོར་ལམ་གྱི་ འོག་ལུ་ཡོད་ནི་དེ་གིས་ དྲོ་པ་ཨ་རྟག་ར་ ཕྱགས་བདར་རྐྱབ་རུང་ ཕྱི་རུ་ ཁྱིམ་ནང་ལྷོད་པའི་བསྒང་ལས་ ཐལཝ་གིས་གངམ་མས་ཟེར་ཨིན་པས།
ཨིན་རུང་ བཙན་མདའ་སྒང་གི་རྒཔོ་ བཱལ་བྷ་དུར་ར་ན་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ལམ་རྩི་ནག་མ་བཏང་པའི་ཧེ་མ་ ཆུ་གཡུར་བཟོ་དགོཔ་ཨིནམ་ལས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ཆུ་གཡུར་དེ་ ད་རེས་ཀྱི་ བདུན་ཕྲག་ནང་ བཟོ་སྐྲུན་འབད་ཚར་འོང་ཟེར་ཨིན་པས།
ཆུ་གཡུར་བཟོ་སྐྲུན་འབད་ཚར་ཞིནམ་ལས་ ལམ་སེལ་ལས་ཁུངས་ཀྱིས་ དེ་འཕྲོ་ལས་ རྩི་ནག་གི་ ལཱ་ཚུ་ འགོ་བཙུགས་དོ་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་དགུན་ལུ་ རྩི་ནག་བཏང་མི་ལམ་ཚུ་ ལེགས་ཤོམ་མེད་པའི་ ལོ་རྒྱུས་ཚུ་ཡོདཔ་ལས་ དར་དཀར་དཔལ་ལའི་ལམ་ རྩི་ནག་གཏང་ནིའི་ དུས་ཚོད་དེ་ ད་རེས་ཨིན་ཟེར་ཨིན་པས།
དེ་མ་ཚད་ འདས་པའི་རྫོང་ཁག་ཚོགས་འདུ་སྐབས་ དར་དཀར་དཔལ་ལ་ལས་ གེ་སར་གླིང་གི་ གཞུང་ལམ་ཀི་ལོ་མི་ཊར་དག་པ་ཅིག་ རྩི་ནག་གཏང་ནིའི་སྐོར་ལས་ གྲོས་བསྡུར་འབད་མི་དེ་ཡང་ ཐག་བཅད་ཡོདཔ་ལས་ གནམ་བྱཱར་ཆརཔ་མ་རྐྱབ་པའི་ཧེ་མ་ དེ་ཡང་ མཇུག་བསྡུ་ཚུགས་ནི་ཨིནམ་ལས་ དར་དཀར་དཔལ་ལའི་ མི་སེར་ཚུ་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ཨིན་པས།
བཙན་མདའ་སྒང་རྒེད་འོག་ལྟེ་བའི་ལམ་ རིང་ཚད་ཀི་ལོ་མི་ཊར་༡.༥ ཨིནམ་ད་ དེ་ཡང་ གེ་སར་གླིང་འགྱོ་སའི་ གཞུང་ལམ་ལས་ རྒེད་འོག་ལྟེ་བ་ཚུན་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ པདྨ་ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཆུ་གཡུར་བཟོ་སྐྲུན་འབད་ཚར་ནིའི་དོན་ལུ་ ཉིནམ་༢ དེ་ཅིག་འགོར་ནི་ཨིནམ་ལས་ དེ་གི་ཤུལ་ལས་ར་ རྩི་ནག་གཏང་ནིའི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྩི་ནག་གཏང་ནིའི་དོན་ལུ་ ཉིནམ་༡༠ ལས་༡༥ འི་བར་ན་ འགོར་ནི་ཨིནམ་ལས་ ད་རེས་ཀྱི་ ཟླཝ་ནང་ར་ མཇུག་བསྡུ་ཚུགས་དོ་འོང་ཟེར་ཨིན་པས།
དར་དཀར་དཔལ་ལའི་ མི་སེར་ཚུ་ རྩི་ནག་བཏང་ཡོད་མི་ སྣུམ་འཁོར་ལམ་གུ་ འགྲོ་འགྲུལ་འབད་ནིའི་དོན་ལུ་ སག་ལང་སྟེ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ གཱན་ག་གིས་འབད་བ་ཅིན་ ལམ་དེ་སྦེ་ར་ བཞག་མི་ལུ་བརྟེན་ ཐལཝ་གིས་ མི་སེར་གྱི་འཕྲོད་བསྟེན་ལུ་ཡང་ གནོད་ཉེན་འདུག་ཟེར་ཨིན་པས།
དེ་ལས་ཕར་ རླུང་མ་ཧིང་སངས་ས་དང་ ས་གནས་འབད་རུང་ ཧིང་སངས་ས་སྦེ་ སྡོད་ནིའི་གོ་སྐབས་འཐོབ་ནི་མས་ཟེར་ སེམས་དགའ་སྟེ་ཡོད་ཟེར་ སླབ་ཨིན་པས།
ལམ་རྩི་ནག་གཏང་པ་ཅིན་ དེ་གིས་ མི་སེར་གྱི་འཕྲོད་བསྟེན་ལུ་ ཕན་ཐོགས་ཚུགས་ནི་དང་ དཔལ་འབྱོར་གོང་འཕེལ་ལུ་ཡང་ ཕན་ཐོགས་པ་གིས་མ་ཚད་ སྣུམ་འཁོར་ཡོད་མི་ཚུ་ སྣུམ་འཁོར་མེདཔ་མ་ཐལ་བའི་ ཁེ་ཕན་ཡོད་ལུགས་ཀྱི་སྐོར་ལས་ བཤདཔ་ཨིན་པས།
རྒེད་འོག་ལྟེ་བའི་ལམ་ རྩི་ནག་གཏང་ནིའི་དོན་ལུ་ མ་དངུལ་ དངུལ་ཀྲམ་ས་ཡ་༤.༡ དེ་ཅིག་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

དར་དཀར་ནང་ལས་ ཡེ་ཤེས་སྒྲོལ་མ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *