༉ བེང་ཀོག་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ཡིག་ཚང་གི་ འགོ་འཛིན་བགྲེསཔ་ བཙན་དྲགས་སྟོབས་རྒྱས་ཀྱིས་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ ཁ་ཙ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་ཅིག་གིས་ བཤད་མིའི་ནང་ ཉེས་ཅན་དེ་གིས་ མཐོ་གཏུགས་འབད་ནིའི་དོན་ལུ་ ཆེ་མཐོ་ཁྲིམས་འདུན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་རུང་ མཐོ་གཏུགས་ཀྱི་གནད་དོན་ཚུ་ མི་ཤེས་པས་ཟེར་ཨིན་པའི་ཁར་ སྙན་གསན་གྱི་ ཚེས་གྲངས་དེ་ཡང་ གཏན་འཁེལ་མ་བཟོ་བར་ཡོད་ཟེར་ཨིན་པས།
བཙན་དྲགས་སྟོབས་རྒྱས་ཀྱི་རྒྱབ་མི་ ཆོས་གྲགས་ཀྱིས་ སླབ་མིའི་ནང་ ཁོ་རའི་རྩོད་རྩ་གིས་ མཐོ་གཏུགས་འབད་ཡོད་རུང་ ད་ལྟོ་ མཐོ་གཏུགས་ཀྱི་ གནད་དོན་ཚུ་ལུ་ གྲོས་བསྟུན་འབད་བའི་བསྒང་ཡོད་ཟེར་ཨིན་པའི་ཁར་ གློད་གྲོལ་གྱི་དོན་ལུ་ ཉེས་ཅན་གྱི་ ནང་མི་བཟའ་ཚང་ཚུ་དང་གཅིག་ཁར་ བསྟུན་གྲོས་འབད་དགོཔ་ཡོད་ཟེར་ཨིན་པས།
འགོ་འཛིན་བགྲེསཔ་ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༢ ལུ་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཁག་༡༢ ཀྱི་དོན་ལུ་ བཙོན་ཁྲིམས་ལོ་༩ དང་ཟླཝ་༡ བཀལ་ཡོདཔ་ཨིན་པས།
བཙན་དྲགས་སྟོབས་རྒྱས་ལུ་ བེང་ཀོག་ལུ་ སྨན་བཅོས་འབད་བར་བཏང་མི་ འབྲུག་པའི་ནདཔ་ཚུ་གི་དོན་ལུ་ ཟད་འགྲོ་བཏང་མི་ དངུལ་ཀྲམ་ས་ཡ་༡༦.༢༣ ལོག་སྤྱོད་འབད་ཡོདཔ་ལས་ ལོག་སོར་ཆུད་འབད་དགོ་པའི་ བཀའ་རྒྱ་བཏོན་ཡོདཔ་ད་ ཁོ་གིས་ མ་དངུལ་ལོག་སྤྱོད་འབད་མིའི་གྲས་ལས་ སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་ བེང་ཀོག་ལུ་ཡོད་མི་ བུམ་རང་རེ་སྨན་ཁང་ནང་ ངོ་མིང་ ཀི་སོང་དབང་ཟེར་མིའི་དོན་ལུ་ སྨན་བཅོས་ཟད་འགྲོ་སྦེ་ ཐའི་གི་ཏི་རུ་ བཱཐ་ས་ཡ་༡.༧༣ བཏང་ཡོད་མི་དེ་ མཐོ་ཤོས་ཨིན་པས།
ནདཔ་དེ་ སྤྱི་ལོ་༢༠༠༩ ལུ་ ཐིམ་ཕུག་ལུ་ སྟོན་པ་རྡོར་གདན་མའི་སྐུ་འདྲ་ བཞེངས་པའི་སྐབས་ ཐུག་རྐྱེན་བྱུངམ་ལས་ སྐུ་བཞེངས་མི་གཞི་ཚོགས་ཀྱིས་ སྨན་བཅོས་ཀྱི་ ཟད་འགྲོ་སྦེ་བཏང་ཡོད་རུང་ ཁོ་གིས་ སྨན་ཁང་དེ་ལུ་མ་སྤྲོད་པར་ ལོག་སྤྱོད་འབད་ནུག་ཟེར་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཁོ་རའི་ ཚེ་འདས་ཨའི་དེ་ཡང་ སྨན་ཁང་དེ་ནང་ སྨན་བཅོས་འབད་བའི་སྐབས་ དངུལ་ཀྲམ་ས་ཡ་༦.༠༣༢ ཟད་འགྲོ་བཏང་ཡོད་མི་དེ་ཡང་ མ་སྤྲོད་པར་ཡོདཔ་ལས་ གཞུང་གིས་སྤྱི་ལོ་༢༠༡༡ ཟླ་༡༢ པའི་ཚེས་༣༠ ལུ་ རྩིས་སྒྲིག་མ་འབད་བར་ བཞག་ཡོདཔ་ད་ བྱ་ངན་དེ་ཚུ་ ཡིག་ཚང་གི་དབང་ཚད་ ལོག་སྤྱོད་འབད་བའི་ཉེས་འཛུགས་ཨིནམ་སྦེ་ བརྩིས་ཡོདཔ་ཨིན་པས།
ཁོ་གིས་ ཨའི་གི་དོན་ལུ་བཏང་མི་ ཟད་འགྲོ་དང་ ལོག་སྤྱོད་འབད་མི་ཚུ་ག་ར་ གཞུང་ལུ་ ལོག་སོར་ཆུད་འབད་དགོ་པའི་ཁར་ ཁོ་ར་ བེང་ཀོག་ལུ་སྡོད་པའི་སྐབས་ སྡོད་ཁྱིམ་གྱི་འཐུས་དང་ འཐུས་གཞན་ཚུ་ འཐོབ་ནི་ཡོད་མི་དེ་ལས་ ཁྱིམ་གྱི་ཇོ་བདག་ལས་ ཟླ་རིམ་བཞིན་དུ་ བཱཐ་༥༥༠༠ རེ་ ཁོ་ར་གིས་ལེན་ཏེ་ སྒེར་སྤྱོད་འབད་ཡོདཔ་ཨིན་པས།
ཁོ་ལུ་ ཉེས་འཛུགས་བསྡོམས་ཀྱིས་ ཁག་༩ འབད་བའི་ ཁོ་གིས་ སྤྱི་ལོ་༢༠༡༠ ལུ་ ཐིམ་ཕུག་ལུ་ སཱག་ཞལ་འཛོམས་འཚོགས་པའི་སྐབས་ བློན་པོའི་གདན་ས་ནང་ མཁོ་སྒྲུབ་དང་འབྲེལ་བའི་ དངུལ་ཀྲམ་༤༩༢,༩༨༠ རྩིས་སྒྲིག་མ་འབད་བར་ ཡོད་མི་དེ་ཡང་ ལོག་བཏབ་བཅུག་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་དེ་ལུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ལོ་༣ འགོར་ཡོདཔ་ད་ ད་རུང་ལོ་༡ སྙན་ཞུ་བཟོ་ནིའི་དོན་ལུ་ འགོར་ཡོདཔ་ཨིན་པས།
ཁོ་གིས་ བྱ་ངན་དེ་ཚུ་འབད་བའི་སྐབས་ གཞུང་ཚབ་ཡིག་ཚང་གིས་ མ་ཤེསཔ་སྦེ་འབད་ཡོད་པའི་ཁར་ གཞུང་གིས་ བེང་ཀོག་ལུ་ ངོས་འཛིན་འབད་ཡོད་མི་ སྨན་ཁང་ཚུ་ནང་ འབྲུག་མི་ནདཔ་ཚུ་གི་ ཟད་འགྲོ་བཏང་པའི་སྐབས་ ཏི་རུ་ཚུ་ དུས་ཚོད་ཁར་ བཏང་སྟེ་ཡོད་རུང་ ཁོ་གིས་ མ་སྤྲོད་པར་བཞག་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༧ ལས་༢༠༡༡ ཚུན་གྱི་བར་ན་ ཞིབ་དཔྱད་འབད་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་ཅན་དེ་གིས་ སྤྱི་ལོ་༢༠༠༨ ཟླ་༧ པ་ལས་ སྤྱི་ལོ་༢༠༡༠ ཟླ་༡༢ པའི་བར་ན་ སྨན་བཅོས་དང་ གཞན་སྨན་བཅོས་དང་འབྲེལ་བའི་ གནད་དོན་ཚུའི་དོན་ལུ་ ཟད་འགྲོ་སྦེ་ ཡུ་ཨེསི་ཌོ་ལར་ས་ཡ་༡.༤ དང་ ས་ཡ་༦༣.༥ དེ་ཅིག་ ཁོ་གིས་བཏོན་ཡོདཔ་སྦེ་ མཐོང་ཡོདཔ་ད་ མ་དངུལ་དེ་ཚུ་ སྨན་བཅོས་ཀྱི་དོན་ལུ་མ་བཏང་པར་ ལོག་སྤྱོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།