བཙག་འཐུའི་རྗེས་ཤུལ་གྱི་ བསམ་དཔྱད།

༉ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ཚུ་ མཐར་འཁྱོལ་ཅན་སྦེ་ མཇུག་བསྡུ་ཡོད་མི་དང་བསྟུན་ གཞུང་སྐྱོང་ཚོགས་པ་ཡང་ བཙག་འཐུ་གྲུབ་ཡོདཔ་ལས་ ད་ལས་ཕར་ གཞུང་གསརཔ་གིས་ འབྲུག་མི་ཀུན་ལུ་ཕན་པའི་ ལེགས་བསྒྱུར་གསརཔ་ཚུ་ འབག་འོང་ཚུགས་པའི་རེ་བ་ ཆ་མཉམ་གྱིས་ བསྐྱེད་བཞིན་དུ་ཡོད།
སྤྱིར་བཏང་བཙག་འཐུ་ མཇུག་བསྡུ་ཚར་རུང་ མི་ལ་ལོ་ཅིག་ ད་ལྟོའི་བར་ན་ཡང་ བཙག་འཐུའི་སྐབས་ལུ་བྱུང་མི་ ཚོར་སྣང་དྲག་པོ་ཚུ་ སེམས་ཁ་ལས་ མ་བརྗེད་པར་ཡོདཔ་ད་ མ་གཞི་ དོན་ངོ་མ་འབད་བ་ཅིན་ མི་ཚུ་གིས་ གཞུང་གསརཔ་དེ་ལུ་ གྲོས་ཐག་བཅད་ནི་དེ་གིས་ཨིན།
བཙག་འཐུའི་གྲུབ་འབྲས་ཚུ་ མི་ལ་ལོ་ཅིག་ལུ་ འོས་འབབ་དང་ལྡན་ཏོག་ཏོ་ཅིག་སྦེ་ མི་མཐོང་ནི་ཨིན་རུང་ བཙག་འཐུ་ནང་ གྲུབ་འབྲས་ལེགས་ཤོམ་དང་ ཡིད་ཆེས་མེད་པའི་ རྣམ་གཞག་མེད་མི་དེ་ཡང་ དགའ་མི་དང་མ་དགའ་མི་ཚུ་ རང་བཞིན་གྱིས་ ཐོན་ནི་དེ་གིས་ཨིན།
ང་བཅས་ཀྱིས་ མི་ཆ་མཉམ་ར་ སེམས་དགའ་བཅུག་མི་ཚུགས་ནི་ཨིནམ་ད་ གལ་སྲིད་འབྲུག་འདི་ དམངས་གཙོའི་རིང་ལུགས་ནང་མེན་པ་ཅིན་རྐྱངམ་གཅིག་ མི་ཚུ་ སེམས་དགའ་བཅུག་ཚུགསཔ་འོང་།
ང་བཅས་ཀྱིས་ ལྟ་དོ་བཟུམ་སྦེ་ དམངས་གཙོའི་རིང་ལུགས་དེ་ འཇམ་ཏོང་ཏོ་ཅིག་མེནམ་བཞིན་དུ་ འདས་པའི་བཙག་འཐུ་ཚུ་བཟུམ་སྦེ་ མི་ཚུ་གིས་ བཙག་འཐུ་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ཡུན་རིངམོ་སྦེ་ར་ ལོ་རྒྱུས་ཚུ་བཤད་སྡོད་འོང་།
ང་བཅས་རའི་ བཙག་འཐུ་ཚུ་ནང་ དཀའ་ངལ་སྦོམ་ཅིག་ ག་ནི་ཡང་མ་འཐོན་པར་ འགོ་འདྲེན་འཐབ་ཚུགས་མི་དེ་ ཁ་རྗེ་ཅན་ཅིག་ཨིན་རུང་ བཙག་འཐུ་གྲུབ་མི་གཞུང་དང་ ཁོང་རའི་འཆར་སྣང་ ཁས་བླངས་གསལ་བསྒྲགས་ དེ་ལས་ བཙག་འཐུའི་བྱ་རིམ་ཚུ་ལུ་ ཆ་བཞག་མ་ཚུགས་མི་ཡང་ འཐོན་སྲིད་ནི་ཨིན་མི་དེ་ བཙག་འཐུའི་བྱ་རིམ་ནང་ དགག་བཤེར་དང་ཚད་མཉམ་གྱི་དོན་ལུ་ ལེགས་ཆ་ཅིག་ཨིན་མས།
བཙག་འཐུ་ལས་གྲུབ་པའི་ གཞུང་གསུམ་པ་གིས་ གཞུང་སྐྱོང་གྲ་སྒྲིག་ཚུ་འབད་མི་དང་བསྟུན་ ང་བཅས་ར་ ངོ་རྐྱང་དང་ སྡེ་ཚན་ ཡང་ཅིན་ མི་སྡེ་ཚུ་གིས་འབད་རུང་ མདུན་ལམ་བཟང་ནི་དང་ གཞན་གྱིས་ བརྩོན་ཤུགས་བསྐྱེད་བཅུག་ནི་ལུ་ རྒྱུད་བསྐུལ་འབད་དགོཔ་ཨིན།
བཙག་འཐུའི་ཤུལ་ལས་ མི་སྡེ་བརྡ་བརྒྱུད་ནང་ གསལ་བཀོད་འབད་མི་དང་འཁྲིལ་འགྱོ་བ་ཅིན་ ལམ་འཛོལ་བ་ཨིནམ་ད་ ང་བཅས་རའི་ མཁྱེན་རྒྱ་ཆེ་བའི་དབུ་ཁྲིད་ཚུ་གིས་ འབྲུག་འདི་ གཅིག་མཐུན་དང་ གཅིག་སྒྲིལ་བཟོ་ནིའི་དོན་ལུ་ གནད་དོན་ཚབས་ཆེན་ཚུ་ རྒྱུན་འཛིན་འཐབ་གནང་མི་ལུ་ དཔེ་བལྟ་དགོཔ་ཨིན་རུང་ མི་ཚུ་གིས་ ལུང་ཕྱོགས་དང་ རིགས་རུས་ དེ་ལས་ ཚོགས་པའི་ཁ་ཐུག་སོང་སྟེ་ བྲེལ་ཟིང་འཐབ་སྡོད་པའི་ མངོན་གསལ་བྱུང་མི་དེ་ དམངས་གཙོའི་རིང་ལུགས་ནང་ ཕུང་སྲི་ལང་བཅུག་པའི་ གནད་དོན་ཅིག་ཨིན་མས།
ད་ལྟོའི་ གནས་སྟངས་ནང་བཟུམ་ཅིག་འབད་བ་ཅིན་ མི་ག་ར་འབད་རུང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གི་མིང་ ཤེས་རྟོགས་འབྱུང་ནི་ལུ་ སག་ལང་སྟེ་སྡོད་པའི་ཁར་ ལ་ལོ་ཅིག་གིས་ ཐ་ན་ ལྷན་རྒྱས་གཞུང་ཚོགས་ནང་ ག་གིས་བློན་པོ་འབད་འོང་གའི་ ཚོད་དཔག་འབདཝ་ཨིན་མས།
བཙག་འཐུ་གྲུབ་མི་ བློན་ཆེན་གྱིས་ སྐུལ་བསྒྲགས་འབད་བའི་སྐབས་ སླབ་དོ་བཟུམ་སྦེ་ སྲིད་དོན་ཚོགས་པ་ཚུ་གི་དོན་ལུ་ རྒྱལ་ཁ་འཐོབ་ནི་དེ་ ཁག་ཆེཝ་མེན་པར་ མི་སེར་ཚུ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་འཐོབ་ནི་དེ་ ཁོང་གི་དམིགས་གཏད་ཨིན་ཟེར་ སླབ་དོ་བཟུམ་སྦེ་ ད་ལས་ཕར་ ཁ་དང་ལགཔ་རྟགས་མཐུནམ་སྦེ་ འབད་འོང་མནོ་བའི་ རེ་བ་ཡོད།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *