ཁ་ཙ་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་རྒྱན་བཙུགས་མིའི་ཉིནམ་དང་ རྒྱལ་སྤྱི་དམངས་གཙོའི་རིང་ལུགས་ཀྱི་ཉིནམ་ བརྩི་སྲུང་འབད་བའི་སྐབས་ སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ བཅའ་མར་གཏོགས་པའི་བསྒང་།

བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ བྱ་རིམ་སྒྲིག་ནིའི་ནང་ གཙོ་བོར་བཏོན་དོ་ཡོདཔ།

ཁ་ཙ་ འབྲུག་བཙག་འཐུ་ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་རྒྱན་བཙུགས་མིའི་ ཉིནམ་ཐེངས་༤ པ་ བརྩི་སྲུང་དང་འབྲེལ་ སྤྱི་ལོ་༢༠༡༨ ལུ་ སྤྱི་ཚོགས་༣ པའི་བཙག་འཐུའི་བྱ་རིམ་སྒྲིག་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།

ཉིནམ་དེ་ཡང་ རྒྱལ་སྤྱི་དམངས་གཙོའི་ཉིནམ་དང་འབྲེལ་ སྤྱི་ལོ་༢༠༡༨ ལོའི་ སྤྱི་ཚོགས་ཀྱི་ བཙག་འཐུ་༣ པའི་ནང་ ཆ་མཉམ་གྱིས་ གྲལ་གཏོགས་ཟེར་བའི་ བརྗོད་དོན་ཐོག་ བརྩི་སྲུང་འབད་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཉིནམ་དེ་ བརྩི་སྲུང་འབད་ཐབས་ལུ་ རྫོང་ཁག་ག་རའི་ནང་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཚོགས་༣ པའི་ བཙག་འཐུའི་དོན་ལུ་གྲ་སྒྲིག་འབད་དོ་ཟེར་ཨིནམ་ད་ རྒྱལ་ཡོངས་ཀྱི་ ལས་རིམ་དེ་གིས་ མི་དབང་ཡབ་སྲས་དང་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ དེ་ལས་ དམངས་གཙོའི་གཞུང་སྒྲིང་སྒྲི་བཟོ་ནིའི་ ཁས་བླངས་བསྐྱར་བཟོ་འབད་ནིའི་ གོ་སྐབས་ཅིག་ ཨིན་ཟེར་ཨིན་པས།

རྒྱལ་ཡོངས་ཀྱི་ལས་རིམ་དེ་ གསར་སྤང་ དགེ་ལེགས་ཕུག་ལུ་སྦེ་ རྫོང་ཁག་ག་ར་དང་ དམངས་གཙོའི་སྡེ་ཕྲན་ཚུ་གིས་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་ཐོག་ལས་ བརྩི་སྲུང་འབད་ཡོདཔ་ད་ དེ་ཡང་གཙོ་བོ་ར་ འབྲུག་མི་ཚུ་ དམངས་གཙོའི་བྱ་རིམ་ནང་ བཅའ་མར་གཏོགས་ནི་ལུ་ སྤྲོ་བ་བསྐྱེད་བཅུག་ནི་དེ་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ནུག།

ལྷན་ཚོགས་ཀྱི་ བརྡ་དོན་དང་བརྡ་བརྒྱུད་འགོ་དཔོན་འོགམ་ ཀརྨ་དབང་མོ་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་ལུ་ བརྩི་སྲུང་ངོ་མ་འབད་བའི་སྐབས་ ལྷན་འཛིན་བདེ་སྐྱིད་པདྨ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ བཙག་འཐུའི་ལྷན་འཛིན་སྤྱི་ཁྱབ་ ཆོས་རྒྱལ་དར་མགོ་རིག་འཛིན་གྱིས་ ཐིམ་ཕུག་ ཝང་བར་མ་སློབ་གྲྭ་ལྟེ་བའི་ནང་ བརྩི་སྲུང་འབད་ཡི་ཟེར་ཨིན་པས།

ཉིནམ་བརྩི་སྲུང་གི་ ཆ་ཤས་ཅིག་སྦེ་ ལྷན་ཚོགས་ཀྱིས་ སྐྱེས་ལོ་༡༨ ལང་མི་དང་ ས་གནས་སོ་སོར་ནང་ མི་རྩིས་སྤོ་མི་ཚུ་ལུ་ ངོས་འཛིན་འདྲ་པར་ཚུ་ རྫོང་ཁག་གི་ གནས་ཚད་ཚུ་དང་ དགེ་ལེགས་ཕུག་ལུ་སྦེ་ ལས་རིམ་སྣ་ཚོགས་ འགོ་འདྲེན་འཐབ་པའི་སྐབས་ བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ངོས་འཛིན་འདྲ་པར་ རྙིངམ་འབག་མི་ཚུ་ལུ་ཡང་ གསརཔ་བྱིན་ཡོདཔ་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉིནམ་བརྩི་སྲུང་ནང་ མི་གྲངས་ག་དེམ་ཅིག་ལུ་ ངོས་འཛིན་འདྲ་པར་ཚུ་ བྱིན་ཡོདཔ་ཨིན་ན་ གཏན་འཁེལ་སླབ་མི་ཚུགས་ཟེར་ཨིནམ་ད་ ཉིནམ་དེ་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་དགོ་མི་དེ་ཡང་ དམངས་གཙོའི་མི་སྡེ་ནང་ ཚོགས་རྒྱན་བཙུགས་ནིའི་ འགན་ཁུར་དང་ ཁག་ཆེ་བའི་སྐོར་ལས་ དྲན་ཚོར་འབད་ཐབས་ལུ་ཨིན་པས།

སྤྱི་ཚོགས་༣ པའི་ བཙག་འཐུའི་གྲ་སྒྲིག་གི་ ཆ་ཤས་ཅིག་སྦེ་ ལྷན་ཚོགས་ཀྱིས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་འཐོན་ནིའི་དོན་ལས་ སྤྲོ་བ་ཡོད་མི་ཚུ་ལུ་ གྲོས་འཛོམས་འགོ་འདྲེན་འཐབ་ནིའི་ འཆར་གཞི་སྣ་ཚོགས་ཡོདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་ ལྷན་ཚོགས་ཀྱི་ ཐོ་བཀོད་དང་བཙག་འཐུ་སྦྱོང་བརྡར་ལས་ཁུངས་དང་ ཡང་ཅིན་ རྫོང་ཁག་བཙག་འཐུ་འགོ་དཔོན་ཚུ་དང་གཅིག་ཁར་ ཐོ་བཀོད་འབད་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ད་ དེ་དང་འཁྲིལ་ ཚེས་གྲངས་དང་ ས་གནས་གཏན་འཁེལ་གྱི་དོན་ལུ་ ལཱ་འབད་ནི་ཨིན་པས།

འབྲུག་ངོ་སྦྱོར་ཚོགས་སྡེ་གིས་ཡང་ སྤྱི་ལོ་༢༠༡༨ ཀྱི་ བཙག་འཐུའི་དོན་ལུ་ ཐོ་བཀོད་འབད་མི་ སྲིད་ཚོགས་དང་ འདེམས་ངོ་སྦེ་འཐོན་ནིའི་ སྤྲོ་བ་ཡོད་མི་ཚུ་གིས་ ཤེས་ཚད་ངོས་ལེན་གྱི་དོན་ལུ་ བྱ་རིམ་ཚུ་ གང་མགྱོགས་འགོ་བཙུགས་དགོ་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ཚོགས་སྡེ་གིས་ ཤེས་ཚད་ངོས་ལེན་འབད་མི་ཚུ་གིས་ གདམ་ངོའི་ ཡིག་སྣོད་བཙུགས་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ བཟོ་ཡོད་མི་ ཞག་དུས་ལས་ ཟླཝ་༢ ཀྱི་ཧེ་མར་ དྲུང་ཆེན་ཡིག་ཚང་ནང་ ལྷོད་དགོ་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ལྷོད་མི་ཚུ་ལུ་ ངོས་ལེན་མི་འབད་ཟེར་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།

ལྷན་ཚོགས་དང་འཁྲིལཝ་ད་ ད་ལྟོའི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ཚུ་གི་ ཡིག་ཚང་གི་གནས་ཡུན་དེ་ སྤྱི་ལོ་༢༠༡༨ ཟླཝ་༥ པའི་ཚེས་༩ ལུ་ ཚང་ནི་ཨིནམ་ད་ སྤྱི་ཟླ་༥ པའི་ཚེས་༡༠ ལུ་ རྒྱལ་ཡོངས་ཚོགས་སྡེ་ཐེངས་༣ པ་ བསྐྱར་འཛུགས་འབད་ཐབས་ལུ་ བཙག་འཐུའི་བྱ་རིམ་ཚུ་ སྤྱི་ཟླ་༢ པ་ལས་ འགོ་བཙུགས་འོང་ཟེར་ཨིན་པས།

གཞུང་གི་ལས་སྡེ་དང་ རང་དབང་ཡིག་ཚང་ ལས་འཛིན་ སྒེར་སྡེའི་ཡིག་ཚང་དང་ ཆོས་དང་འབྲེལ་བའི་ཆོས་ཚོགས་ དེ་ལས་ སྤྱིར་བཏང་མི་ག་ར་གིས་ སྤྱི་ཟླ་༢ པ་ལས་༥ པ་ཚུན་གི་བར་ན་ ལས་རིམ་སྣ་ཚོགས་དང་ མི་མང་འདུ་འཛོམས་འབད་ནིའི་ བྱ་རིམ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་མ་ཆོག་པའི་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *