བཙག་འཐུ་ལྷན་ཚོགས་ཀྱིས་ ཤེས་རིག་བློན་པོ་བགྲེསཔ་ལུ་ དྲན་བསྐུལ་འབད་ཡོདཔ།

༉ བཀྲིས་སྒང་བཀའ་ལུང་-ཨུ་མཛོ་རོང་-བསམ་མཁར་གྱི་ འདེམས་ངོ་དང་ ཤེས་རིག་བློན་པོ་བགྲེསཔ་ ནོར་བུ་དབང་ཕྱུག་གིས་ སྲིད་དོན་ཚོགས་པའི་ ཀུན་སྤྱོད་ལས་འགལ་བའི་ ལཱ་བྱ་འཐབ་མི་ལུ་བརྟེན་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དྲན་བསྐུལ་འབད་ཡོདཔ་ཨིན་པས།
དེ་ཡང་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༧ པའི་ཚེས་༣༡ ལུ་བཏང་མི་ དྲན་བསྐུལ་ཡི་གུ་ ཡིག་ཨང་ཨེམ་ཨོ་ཨི་/ཇི་སི་/༢༠༡༨/༦༨༡༤ སྤྱི་ཚེས་༢༦/༧/༢༠༡༨ ཅན་མར་ལྷོད་པའི་ ཡིག་ལན་དོན་ཚད་༩ པ་དང་འཁྲིལཝ་ད་ སྲིད་དོན་ཚོགས་པའི་ ཀུན་སྤྱོད་ལས་འགལ་བའི་ བཟའ་འཐུང་དང་ ཁམས་གསོའི་བཞེས་རྫས་གཞན་ ག་ནི་ཡང་ བྱིན་མ་ཆོག་པའི་ དྲན་བསྐུལ་འབད་དེ་ཡོད་ཟེར་བཀོད་ནུག།
དེ་མ་ཚད་ བཀྲིས་སྒང་རྫོང་ཁག་བཙག་འཐུ་འགོ་དཔོན་གྱིས་ འཛོམས་འདུ་ནང་ཡོད་མི་ཚུ་ལུ་ ལྟོ་ཁ་བྱིན་ནི་མེདཔ་སྦེ་ འདེམས་ངོ་ནོར་བུ་དབང་ཕྱུག་གི་ ཚོགས་པའི་འགོ་འདྲེན་པ་ བསོད་ནམས་རྡོ་རྗེ་ལུ་ སྤྱི་ཟླ་༧ པའི་ཚེས་༡༨ ལུ་ སླབ་སྟེ་འབད་རུང་ སྤྱི་ཚེས་༡༩ ལུ་ རྒྱབ་སྐྱོར་པ་གཉིས་ཀྱིས་ ལྟོ་ཁ་བྱིན་ནུག་ཟེར་ ལྷན་ཚོགས་ཀྱི་དྲུང་ཆེན་ ཟླ་བ་བསྟན་འཛིན་གྱིས་ དྲན་བསྐུལ་ཡི་གུ་ནང་བཀོད་ནུག།
དེ་བཟུམ་བྱིན་ མ་ཆོག་པའི་སྐོར་ལས་ མ་མཁྱེན་མེདཔ་མ་ཚད་ སྲིད་དོན་ཚོགས་པའི་ རྒྱབ་སྐྱོར་པ་ཚུ་ལུ་ཡང་ གོ་བརྡ་སྤྲོད་གནང་དགོཔ་ཨིན་ཟེར་བཀོད་ནུག།
དེ་བཟུམ་མའི་ གནད་དོན་དེ་ བཙག་འཐུ་རན་པའི་དུས་ཚོད་ལུ་ འབད་མ་ཆོག་པའི་ ལས་དོན་ཅིག་ཨིནམ་ལས་ ད་ལས་ཕར་ བཙག་འཐུའི་ཀུན་སྤྱོད་རྣམ་གཞག་ལུ་ བརྩི་བཀུར་གང་དྲག་ མཛད་དགོཔ་དེ་ སེམས་ཁར་བཞག་གནང་ཟེར་ དྲན་བསྐུལ་འབད་ནུག།
གནད་དོན་དེ་ཡང་ འབྲུག་མཉམ་རུབ་ཚོགས་པ་གིས་ ནོར་བུ་དབང་ཕྱུག་གིས་ འདེམས་ཁོངས་ནང་ ཁྲིམས་འགལ་ཐོག་ལས་ སྐུལ་བསྒྲགས་འབད་མི་དང་ དབང་ཚད་ལོག་སྤྱོད་འབད་ཡོད་པའི་ འབྲུག་བཙག་འཐུ་ལྷན་ཚོགས་ལུ་ ཡིག་ཐོག་གི་ ཉོགས་བཤད་བཀོད་པའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་ ཡོངས་ཁྱབ་མདོ་ཆེན་ བསྟན་འཛིན་ལེགས་འཕེལ་གྱིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ ཤེས་རིག་བློན་པོ་བགྲེསཔ་ ནོར་བུ་དབང་ཕྱུག་གི་ ཁ་ཉེས་བཀལ་མི་གི་ ལན་གསལ་དེ་ སྒྲིང་སྒྲི་ཅིག་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲལ་ཁམས་ཅིག་ཁར་ ནོར་བུ་དབང་ཕྱུག་གིས་ ཁྲིམས་འགལ་ཐོག་ལས་ ལས་སྣ་འབད་མི་ མངོན་གསལ་བྱུང་མི་དང་ བར་རྐྱེན་དང་ མགུ་འཐོམ་ཡོད་པའི་སྐོར་ལས་ཡང་ ལྷན་ཚོགས་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ ལྷན་ཚོགས་ཀྱིས་ དང་ལེན་འབད་མི་དེ་ དམ་སྒྲིང་མེདཔ་སྦེ་ མཐོང་ཅི་ཟེར་ ཁོ་གིས་ བཤད་པའི་ཁར་ དེ་བཟུམ་མའི་ ལཱ་བྱ་འབད་མི་ལུ་ ཚ་གྱང་ལང་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་མ་ཚད་ མ་འོངས་པའི་གཞུང་གི་ བློན་པོ་ཚུ་གིས་ འདི་བཟུམ་འབད་ནིའི་ ལམ་ལུགས་ཅིག་བཙུགས་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཁ་ཉེས་ཡི་གུའི་ནང་ ཤེས་རིག་བློན་པོ་བགྲེསཔ་གིས་ སྤྱི་ཟླ་༧ པའི་ཚེས་༡༡ ལས་ བཀྲིས་སྒང་ཨུ་མཛོ་རོང་-བཀང་ལུང-བསམ་ཁར་འདེམས་ཁོངས་ནང་ གཞུང་འབྲེལ་ཐོག་ལུ་ ལྟ་སྐོར་འབད་མི་དེ་ཡང་ འཕྲལ་མགྱོགས་ར་ འགོ་འདྲེན་འཐབ་ནི་ཨིན་མི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུའི་གྲ་སྒྲིག་འབད་བར་ ཨིན་མས་ཟེར་བཀོད་ནུག།
ད་རེས་ནངས་པར་ གོམས་འདྲིས་ལྟ་སྐོར་འབད་བའི་བསྒང་ཡོད་མི་ སྲིད་དོན་ཚོགས་པ་ཚུ་གིས་ རང་སོའི་མཐུན་རྐྱེན་དང་འཁྲིལ་ཏེ་ ཟད་འགྲོ་བཏང་དོ་ཡོད་རུང་ ཤེས་རིག་བློན་པོ་བགྲེསཔ་གིས་ གཞུང་གི་མཐུན་རྐྱེན་ ལག་ལེན་འཐབ་མས་ཟེར་ ཁ་ཉེས་བཀལ་ནུག།
ནོར་བུ་དབང་ཕྱུག་གིས་ སྲིད་དོན་གྱི་ ལས་སྣ་ཚུ་ འགོ་འདྲེན་འཐབ་སར་ ཚོགས་པའི་ལས་བྱེདཔ་ཚུ་གིས་ མཐོང་གསལ་བྱུང་མི་ཚུ་ཡང་ འདེམས་ཁོངས་ནང་ ཞལ་འཛོམས་འགོ་འདྲེན་ཐོག་ ཚོགས་པའི་མཉམ་འབྲེལ་པ་ཚུ་ གདམ་འཐུ་འབདཝ་མས་ཟེར་བཀོད་ནུག།
ཨིན་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཁ་ཉེས་བཀལ་མི་དེ་ལུ་ ནོར་བུ་དབང་ཕྱུག་གིས་ ངོས་ལེན་མི་འབད་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ མི་སེར་ཚུ་དང་ཕྱདཔ་ད་ མི་སེར་ཚུ་གིས་ཁོ་ར་ བཙག་འཐུ་ནང་ ལོག་བཅའ་མར་གཏོགས་དོ་ག་ མི་གཏོགས་ག་སྐོར་ལས་ བསམ་འཆར་རེ་ སླབ་པའི་སྐབས་ ལོག་བཅའ་མར་གཏོགས་དོ་ཟེར་ སླབ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ ཁོ་ལུ་ རྒྱབ་སྐྱོར་འབད་བར་ འོང་ནུག་ཟེར་ བཤདཔ་ཨིན་པས།
ཤེས་རིག་བློན་པོ་བགྲེསཔ་ ནོར་བུ་དབང་ཕྱུག་གིས་ ཀུན་གསལ་ལུ་ བཤད་མིའི་ནང་ ཁོ་ར་ འདེམས་ཁོངས་ནང་ འོང་མི་དེ་ཡང་ ལོ་༥ གི་རིང་ལུ་ རྒྱལ་ཁབ་དང་ མངའ་བདག་རྒྱལ་པོ་ལུ་ ཕྱག་ཞུ་ནིའི་ གོ་སྐབས་ཐོབ་མི་ལུ་ བཀྲིན་དགའ་ཚོར་བསམ་པར་ སོང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཞལ་འཛོམས་ནང་ ཉིན་ལྟོ་བྱིན་མི་ཡང་ གཞུང་གི་མ་དངུལ་ལས་ མེན་ཟེར་ཨིནམ་ད་ ཞལ་འཛོམས་ནང་ མི་སེར་ཚུ་ ཐག་རིང་ས་ལས་ འོང་ཡོདཔ་ལས་ ཁོང་ལུ་བཀྲིན་དགའ་ཚོར་བཟུམ་ཅིག་སྦེ་ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ འབྲུག་ཕུན་སུམ་ཚོགས་པའི་ཡོངས་ཁྱབ་དྲུང་ཆེན་དང་ མི་སེར་དམངས་གཙོ་ཚོགས་པ་ འབྲུག་མཉམ་རུབ་ཚོགས་པ་ དེ་ལས་ འབྲུག་ཀུན་མཉམ་ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་ཚུ་ལུ་ གོང་གི་གནད་དོན་ཚུ་དང་འཁྲིལ་ཏེ་ ངོས་ལེན་དམ་དམ་འབད་ནིའི་དོན་ལུ་ ཡི་གུའི་འདྲ་རེ་ བཏང་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *