༉ སྤྱིར་བཏང་བཙག་འཐུ་འགོ་འདྲེན་འཐབ་ནི་ལུ་ བདུན་ཕྲག་༡ དེ་ཅིག་ལས་མེད་ནི་དེ་གིས་ གཡང་རྩེ་ལུང་གཤོང་ནང་ སྤྱིར་བཏང་བཙག་འཐུའི་གྲུབ་འབྲས་ཚུ་ ག་བཟུམ་འཐོན་འོང་ག་ཟེར་བའི་ ལོ་རྒྱུས་སླབ་མི་ ལེ་ཤ་ཡོདཔ་ཨིན་པས།
ཁུ་སིམ་སི་སྦེ་ཡོད་མི་ གཡང་རྩེ་ཁྲོམ་དེ་ འཕྲལ་ཁམས་ཅིག་ཁར་ ཁོ་ལོང་ཆུ་གློག་མེ་ལས་འགུལ་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ ད་རེས་ནངས་པར་ བཙག་འཐུ་དང་འབྲེལ་བའི་ འུར་བྱེལ་འཐབ་སར་མཐོངམ་ཨིན་པས།
ཁྲོམ་ཁར་སྡོད་མི་ལ་ལོ་གིས་ བཙག་འཐུའི་གྲུབ་འབྲས་ཚུ་ ག་བཟུམ་འཐོན་ནི་ཨིན་ན་ཚུ་ གནམ་གཤིས་ལུ་བལྟ་སྟེ་ ཤེས་ཚུགས་པས་ཟེར་ སླབ་མི་ཡང་ ཐོན་དོ་ཡོདཔ་ད་ དེ་ཡང་ ཁྲོམ་དེ་ནང་ དུས་ཅི་ གྱང་ནིའི་དུས་ཚོད་དེ་ ཧ་སག་ལྷོད་ནུག་ཟེར་ ས་གནས་ནང་སྡོད་མི་ཚུ་གིས་ བཤདཔ་ཨིན་པས།
གཡང་རྩེ་ལུ་ གནམ་དགུན་ལྷོད་པའི་བསྒང་ལས་ ཁྲུང་ཁྲུང་སྐེ་ནག་ཚུ་འོང་ནིའི་ དུས་ཚོད་ཨིན་པའི་ཁར་ ཁྲུང་ཁྲུང་ཚུ་ དུས་ཅི་ ཧ་སག་ལྷོད་ནི་བཟུམ་ཅིག་འདུག་ཟེར་ ཁྲོམ་ཁར་སྡོད་མི་ཅིག་གིས་ བཤདཔ་ཨིན་པས།
ཁོ་གིས་དེ་སྦེ་ སླབ་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་དེ་ གཞུང་སྐྱོང་ནིའི་དུས་ཚོད་དེ་ རན་དོ་ཟེར་བའི་ རྟགས་མཚན་བཤདཔ་ཨིན་པས།
གཡང་རྩེ་དེ་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་མང་སུ་ཡོདཔ་ལས་ ཁྲུང་ཁྲུང་ཧ་སག་ལྷོད་པ་ཅིན་ རྟགས་ལེགས་ཤོམ་ཅིག་འོང་ནི་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
འབུམ་སྡེ་གླིང་ལུ་སྡོད་མི་ཅིག་གིས་ སླབ་མིའི་ནང་ ན་ཧིང་འབད་བ་ཅིན་ ཁྲུང་ཁྲུང་དག་པ་ཅིག་ དུས་ཚོད་འ་ནེམ་ཅིག་ཁར་ ལྷོད་ཡོད་རུང་ དུས་ཅི་ ཕུད་རྡོག་གཅིག་ཡང་ མ་ལྷོད་ཟེར་ཨིནམ་ལས་ ཁོ་གིས་འབད་བ་ཅིན་ གནམ་གཤིས་ལུ་བལྟ་སྟེ་ རྟགས་མཚན་ཚུ་བལྟ་དགོ་པ་ཅིན་ འབྲུག་མཉམ་རུབ་ཚོགས་པ་གིས་ གཡང་རྩེ་ལུ་ འགྱུར་བ་འབག་འོང་ནིའི་ རྟགས་མེན་ན་ཟེར་སླབ་ཨིན་པས།
ཨིན་རུང་ འབུམ་སྡེ་གླིང་ རི་དྭགས་སེམས་ཅན་སྲུང་སྐྱོབས་གླིང་ཁའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཁྲུང་ཁྲུང་ཚུ་ སྤྱི་ཟླ་༡༠ པ་ མཇུག་བསྡུ་ཁམས་དང་ སྤྱི་ཟླ་༡༡ པའི་སྔ་ཆ་ནང་ ལྷོད་ནི་ཡོད་ཟེར་ཨིནམ་ལས་ ཧ་སག་དང་ ཕྱི་སུ་ལྷོད་ནིའི་ རྟགས་མཚན་ག་ནི་ཡང་མེདཔ་ལས་ དུས་ཚོད་ཁར་ འོང་ནི་ཡོད་ཟེར་ཨིན་པས།
ན་ཧིང་འབད་བ་ཅིན་ ཁྲུང་ཁྲུང་ཕོ་མོ་གཉིས་ སྤྱི་ཟླ་༡༠ པའི་ཚེས་༥ ལུ་ལྷོད་མི་དེ་ དང་པ་ཨིནམ་ད་ མཆོད་རྟེན་བསྐོར་སའི་ས་ཁོངས་ནང་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ལས་ ཁྲོམ་ཁར་ མི་གསརཔ་ཁྲོམ་བཤལ་རྐྱབ་སྡོད་མི་ ལེ་ཤ་ར་ མཐོང་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
ཚོང་པ་ཨིན་མི་ འཕྲིན་ལས་བཟང་མོ་གིས་ སླབ་མིའི་ནང་ མི་གསརཔ་དང་གཅིག་ཁར་ སྣུམ་འཁོར་གྱི་གྱངས་ཁ་ཡང་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ མི་ཚུ་ཁོ་ལོང་ཆུ་གློག་མེ་ལས་འགུལ་ནང་ ལཱ་འབད་མི་ཚུ་མེན་པར་ མི་དེ་སྦེ་འོང་མི་དེ་ འགོ་ཐོག་བཙག་འཐུའི་སྐབས་ལུ་ཡང་ འོང་སར་མཐོང་ཡི་ཟེར་ཨིན་པས།
མོ་གིས་སླབ་མིའི་ནང་ འདས་པའི་ཟླཝ་ཚུ་དང་ཕྱདཔ་ད་ ཚོང་འབྲེལ་འཐབ་ནི་དེ་ཡང་ དྲག་པས་ཟེར་ཨིནམ་ད་ ད་རེས་ མོ་གིས་ ཉིནམ་རེ་ནང་ རྡོག་མ་བཙོང་སྟེ་ར་ དངུལ་ཀྲམ་༥༠༠༠ དེ་རེ་ བཟོ་ཚུགས་པས་ཟེར་ཨིན་པས།
གཞན་མི་ཚོང་པ་ རྡོ་རྗེ་བཀྲིས་ཀྱིས་ བཤད་མིའི་ནང་ མི་ཚུ་ཡང་ སྣུམ་འཁོར་བོ་ལི་རོ་ཚུ་ནང་ འོང་ནི་འདུག་ཟེར་ཨིནམ་ད་ སྣུམ་འཁོར་ལ་ལོ་ ཁྲོམ་ཁར་སྡོད་དོ་ཡོད་རུང་ ལ་ལོ་ཁྲོམ་གྱི་ཕྱི་ཁར་སོང་སྟེ་ སྡོད་ནི་འདུག་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ དེ་བཟུམ་མཐོང་ནི་མེད་ཟེར་ མོ་གིས་བཤད་པའི་ཁར་ བྱང་ཕུག་རྩེ་ལས་ཨིན་མི་ པདྨ་རྡོ་རྗེ་གིས་ ཁོ་གིས་ ཁྲོམ་ཁར་ དེ་ཅིག་འོང་ནི་མེདཔ་ལས་ ད་རེས་ ཁྲིམས་ཁང་ནང་ ལཱ་ཐོན་ཏེ་འོངམ་ད་ མི་ཚུ་གིས་ དོགས་པ་ཡོདཔ་སྦེ་ དྲི་བ་ཚུ་འབད་ནི་འདུག་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ ཚེ་བརྟན་གྱིས་ སླབ་མིའི་ནང་ དེད་གཡོགཔ་ཚུ་ འགྲུལ་པ་ཐོབ་པའི་སྐོར་ལས་ སྤུངས་འཛོམས་འབད་དེ་ བློ་རེ་སླབ་རུང་ མི་ཚུ་གིས་ སྲིད་དོན་གྱི་སྐོར་ལས་ བློ་སླབ་དོ་འདྲས་ཟེར་བའི་ དོགས་པ་ཟ་མི་ཡང་ མཐོངམ་མས་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ མཁའ་འགྲོ་གིས་ སླབ་མིའི་ནང་ བཙག་འཐུ་རན་མི་དང་འབྲེལ་ ལོ་རྒྱུས་ག་བཟུམ་སླབ་རུང་ བཙག་འཐུ་དང་འབྲེལ་བའི་ ལོ་རྒྱུས་ཨིནམ་འདྲས་ཟེར་ མནོ་ནི་འདུག་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མི་ཚུ་གིས་ ག་ལུ་རྒྱབ་སྐྱོར་འབད་ནི་ཨིན་ན་ཚུ་ རང་སོའི་དབང་ཆ་ཨིནམ་ལས་ དེ་བ་ལྷག་པའི་ བཙག་འཐུ་ནང་གནོད་པའི་ལཱ་ཚུ་ མི་སྡེ་བརྡ་བརྒྱུད་ནང་ལུ་ འབདཝ་མས་ཟེར་ཨིན་པས།
མི་སྡེ་ལུ་ཕན་པའི་ གྲོས་བསྟུན་ཨིན་པ་ཅིན་ གཡང་ཟ་དགོཔ་མེདཔ་ལས་ ནང་མི་དང་ ངོ་ཤེས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་ཚུ་འབད་འོང་ཟེར་ ཁོ་གིས་བཤད་པའི་གནས་ཚུལ།