༉ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ སྤྱི་དོན་ཁང་ནང་སྦེ་ བཙག་འཐུ་དང་འབྲེལ་བའི་གནད་དོན་གུ་ འགོ་དཔོན་དང་ ལས་བྱེདཔ་༣༨༥ ལུ་ ཉིན་གྲངས་༤ གི་རིང་ ཁ་གསོའི་སློབ་སྦྱོང་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
བཙག་འཐུའི་ངོས་ལེན་འགོ་དཔོན་དང་ རྫོང་ཁག་བཙག་འཐུ་ཡིག་ཚང་གིས་ མཉམ་རུབ་ཐོག་ལས་ རྒེད་འོག་༡༧ གྱི་ ཚོགས་རྒྱན་ས་ཁོངས་༧༧ ནང་ བཙག་འཐུ་འགོ་འདྲེན་འཐབ་ནིའི་དོན་ལུ་ འདེམས་ཁྲི་འགོ་དཔོན་རེ་དང་ ཚོགས་རྒྱན་འགོ་དཔོན་ གྲངས་རྩིས་ལས་བྱེདཔ་ དེ་ལས་ ལྟ་རྟོག་པ་བརྩིས་ཏེ་ མི་༥ རེ་ཡོདཔ་མ་ཚད་ ཉེན་སྲུང་འབད་མི་ཚུ་ཡང་ ཡོདཔ་ཨིན་པས།
ཁ་གསོའི་སློབ་སྦྱོང་དེ་ཡང་ སྡེ་ཚན་༢ སྦེ་ འགོ་འདྲེན་འཐབ་ཡོད་མི་ལས་ སྡེ་ཚན་དང་པའི་ནང་ ཐག་རིང་ཡོད་ པའི་ ཚོགས་རྒྱན་ས་ཁོངས་༣༧ གྱི་ འགོ་ཁྲིདཔ་༡༨༥ ལུ་ ཚོགས་རྒྱན་གྱི་ཉིནམ་ལུ་ འབད་ཆོག་མ་ཆོག་དང་ ལྟ་རྟོག་འབད་ནི་ དེ་ལས་ ཚོགས་རྒྱན་འཕྲུལ་ཆས་ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཡི།
སྦྱོང་བརྡར་དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༥ དང་༡༦ བྱིན་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༡༧ གྱི་དྲོ་པར་ ཚོགས་རྒྱན་འཕྲུལ་ཆས་ཚུ་འབག་སྟེ་ རྒེད་འོག་གི་སྣུམ་འཁོར་དང་ སྒེར་གྱི་གླ་འཁོར་ དེ་ལས་ གཞུང་འཁོར་ཚུ་ནང་ སོང་ཡོདཔ་ད་ དེ་ཡང་ ན་སྒོར་རྒེད་འོག་དང་ དགྲ་མེད་རྩེ་ བཱ་ལམ་ ཐང་རོང་ སྐྱེངས་མཁར་ འགྱུར་མེད་ སི་ལམ་སྦིས་ དེ་ལས་ དགོངས་འདུས་རྒེད་འོག་༩ ནང་ བཏང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༤ པའི་ཚེས་༡༦ ལས་༡༧ ཚུན་ ཚོགས་རྒྱན་བཙུགས་སའི་ས་ཁོངས་༤༠གི་ སྡེ་ཚན་༢ པའི་ འགོ་ཁྲིདཔ་༢༠༠ལུ་ ཁ་གསོའི་སློབ་སྦྱོང་བྱིན་ཡོདཔ་ཨིན་པས།
སྡེ་ཚན་༢ པའི་འགོ་ཁྲིདཔ་ཚུ་ ས་གླིང་རྒེད་འོག་དང་ ཙ་ཀ་གླིང་ རྩ་མང་ འབྲས་སྤུངས་ མོང་སྒར་ ཆ་གླིང་ སྔ་ཚང་ ལྕགས་སི་མཁར་ དེ་ལས་ ཤེར་མུ་ཧཱུཾ་རྒེད་འོག་བརྩིས་ཏེ་ རྒེད་འོག་༩ གི་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་༤༠ནང་ བཏང་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཁྱད་ཚད་དང་ལྡན་པའི་ ཚོགས་རྒྱན་བཙུགས་ཆོག་མི་ ཡོངས་བསྡོམས་༣༤,༠༨༢ ལས་ ཕོ་སྐྱེས་༡༦,༣༧༣ དང་ ཨམ་སྲུ་༡༧,༧༠༩ ཡོདཔ་བཞིན་དུ་ རྒེད་འོག་༡༧ ནང་ ཚོགས་རྒྱན་ས་ཁོངས་༧༧ ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།