བདེན་པ་ག་ལུ་ཡོདཔ་ཨིན་ན?

༉ སྤྱི་ཟླ་༨ པའི་ཚེས་༢༦ ལུ་ འགོ་འདྲེན་འཐབ་མི་ སྲིད་ཚོགས་ཀྱི་ གཙོ་འཛིན་ཚུ་གི་བར་ན་ རྩོད་འགྲན་འབད་བའི་སྐབས་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ ལས་བྱེདཔ་བགྲེསཔ་ ཟླ་བ་དེ་ གཞུང་གིས་ ལཱ་གཡོག་ནང་ལས་ བཏོན་བཏང་ཡོད་པའི་ ཁ་ཉེས་ཡོད་མིའི་སྐོར་ལས་ ལས་འཛིན་ལུ་ དྲི་ཡི་ཟེར་ཨིན་པས།
དེ་ཡང་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གི་གནས་ཡུན་སྐབས་ བརྡ་བརྒྱུད་ཀྱི་ གནས་སྟངས་ལེགས་ཤོམ་མེད་མི་དང་ འབྲུག་རྒྱང་བསྒྲགས་ནང་ ཟླ་བའི་སྐུ་མགྲོན་དང་ ནང་གི་གཏམ་ལ་སོགས་པའི་ ལས་རིམ་ཚུ་ ཆ་མེད་གཏང་ཡོད་པའི་སྐོར་ ཚེ་རིང་སྟོབས་རྒྱས་ལུ་ དྲི་བཀོད་འབད་བའི་ཤུལ་ལས་ ཟླ་བ་གི་ ལོ་རྒྱུས་ཐོན་ཡི།
ཟླ་བ་གིས་ གཡུས་བཤལ་འགྱོ་ཞིནམ་ལས་ ཁོ་གཞུང་གིས་ བཏོན་བཏང་ཡི་ཟེར་ སླབ་ཡོད་པའི་སྐོར་ གོ་ཞིནམ་ལས་ ཚ་གྱང་ལང་སྟེ་ འབྲུག་རྒྱང་བསྒྲགས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ལུ་དྲིཝ་ད་ ཟླ་བ་གིས་ དགོངས་ཞུའི་ཡི་གུ་བཙུགས་ཏེ་ ལས་འཛིན་ལུ་ བཀྲིན་དགའ་ཚོར་ཡང་ བསམ་ཡོདཔ་སྦེ་ སླབ་དེས་ཟེར བློན་ཆེན་གྱིས་ བཤད་ཅི།
སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཀུན་གསལ་གྱིས་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་ བློ་གྲོས་ཚེ་རིང་ལུ་ དྲི་བའི་སྐབས་ ཉམས་མྱོང་ཅན་གྱི་ སྲིད་དོན་པ་གིས་ རྩོད་བསྡུར་གྱི་ བརྗོད་དོན་དང་མ་འཁྲིལ་བར་ བློ་སླབ་མི་དེ་ བློ་ཕམ་སི་སི་ཅིག་ཨིན་མས་ཟེར་ བཤད་མི་དེ་ཡང་ འབྲུག་ཕུན་སུམ་ཚོགས་པ་གིས་ བློན་ཆེན་བགྲེསཔ་ལུ་ བརྡ་བརྒྱུད་ཀྱི་དབང་ཆའི་སྐོར་ དྲི་བའི་ལན་སླབ་ནི་མེན་པར་ ཁ་སྒྱུར་བཏང་ཡི་ཟེར་ཨིན་པས།
བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ གོམས་འདྲིས་ལྟ་སྐོར་སྐབས་ ཁོ་ཡང་ ཟླ་བ་དང་གཅིག་ཁར་སྡོད་ཡོདཔ་ད་ ཟླ་བ་གིས་ ཁོ་ལཱ་གཡོག་ནང་ལས་ བཏོན་བཏང་ཡོདཔ་དང་ བཙོན་ནང་བཙུགས་ཅི་ཟེར་མེན་པར་ སྤྱི་ལོ་༢༠༡༣ གྱི་ཤུལ་ལས་ ལཱ་གི་གནས་སྟངས་བསྒྱུར་བཅོས་སྦོམ་སྦེ་ར་ སོང་ཡོདཔ་ལས་ ཁོ་གིས་ འགོ་འདྲེན་འཐབ་འདོད་ཡོད་མི་ ལས་རིམ་དེ་ འཕྲོ་མཐུད་འབད་མ་ཚུགས་ནི་དེ་གིས་ ཁོ་ར་ དང་འདོད་ཐོག་ དགོངས་ཞུ་འབད་ཡོདཔ་མ་གཏོགས་ བཏོན་བཏང་ཡི་ཟེར་ སླབ་སླབ་ར་མིན་འདུག་ཟེར་ཨིན་པས།
གནད་དོན་དེ་ཡང་ འབྲུག་རྒྱང་བསྒྲགས་ཀྱི་ འཛིན་སྐྱོང་གིས་ སྤྱི་ཟླ་༨ པའི་ཚེ་༡༦ ལུ་ དང་འདོད་ཅན་གྱི་ སྲིད་ཚོགས་ཀྱི་ མི་ངོམ་ཚུ་གིས་ འདེམས་ཁོངས་ལྟ་སྐོར་སྐབས་ ཁོང་ཆ་ཁྱབ་ ཚུལ་མིན་ཐོག་ལས་ བཏོན་བཏང་ཡི་ཟེར་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ གསལ་བསྒྲགས་འབད་བའི་ཤུལ་ལས་ བྱུང་ཡོདཔ་ཨིན་པས།
ཁྱབ་བསྒྲགས་དང་འཁྲིལཝ་ད་ ལས་འཛིན་གྱིས་ བཏོན་བཏང་ཡོད་པའི་ ཐོ་ཡིག་མེད་རུང་ སྒྲུབ་བྱེད་སྦེ་ ཁོང་གིས་བཙུགས་མི་ དགོངས་ཞུའི་ཡི་གུ་ཚུ་ཡོད་ཟེར་ཨིན་པས།
ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཚེ་རིང་དབང་ཕྱུག་གིས་ སླབ་མིའི་ནང་ བློན་ཆེན་བགྲེསཔ་གིས་ རྩོད་འགྲན་སྐབས་ ཟླ་བའི་མིང་བཏོན་མི་དང་ ལས་འཛིན་གྱི་ཁྱབ་བསྒྲགས་༢ ཀྱི་བར་ན་ འབྲེལ་གནད་མེད་ཟེར་ཨིན་པས།
ཁོ་གི་འབད་བ་ཅིན་ ཁྱབ་བསྒྲགས་དེ་ སྲིད་དང་འབྲེལ་བ་མེདཔ་ལས་ ལས་འཛིན་གྱི་མིང་གཏམ་ བདག་འཛིན་འབད་ནིའི་དོན་ལུ་ འབད་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལས་འཛིན་གྱིས་ ལས་བྱེདཔ་ག་ཡང་ བཏོན་བཏང་བཏངམ་མེད་ཟེར་ཨིནམ་ད་ བློན་ཆེན་བགྲེསཔ་གིས་ ལས་འཛིན་གྱི་ ལས་བྱེདཔ་མང་ཤོས་ཅིག་ དགོངས་ཞུ་འགྱོ་བའི་སྐོར་ལས་ དྲི་བའི་སྐབས་ ཟླ་བ་དེ་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་ཡོདཔ་མ་ཚད་ ལས་བྱེདཔ་ཚུ་ དགོངས་ཞུ་འབད་ནི་ལས་ བཀག་མ་ཚུགསཔ་སྦེ་ ཞུ་ཡི་ཟེར་ཨིན་པས།
ཟླ་བ་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ ཁོ་ལུ་ ཉེས་འཛུགས་བཀོད་མི་དེ་ གཞི་ཁུངས་ག་ནི་ཡང་མེད་མི་ ཉེས་འཛུགས་ཚུ་ཨིནམ་ལས་ རྩ་ལས་ར་ མི་བདེན་ཟེར་ཨིནམ་ད་ མ་གཞི་ ཁོ་ར་ གཙོ་འཛིན་འབདཝ་ལས་ སླབ་ནི་གི་ ས་ཁོངས་ཡོད་རུང་ ང་ལུ་ དགག་ལན་འཇལ་ནིའི་ གོ་སྐབས་མ་ཐོབ་ཟེར་ ཟླ་བ་གིས་ བཤདཔ་ཨིན་པས།
ཟླ་བ་གིས་ སླབ་མིའི་ནང་ འཛོམས་འདུ་ག་ཏེ་རྐྱབ་སར་ མི་ཚུ་གིས་ ཁོ་ བཏོན་བཏང་མི་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་ བཀོག་བཞག་འགྱོ་ཞིནམ་ལས་ བཙོན་ཁང་ནང་ བཙུགས་མིའི་སྐོར་ལས་ དྲིཝ་མས་ཟེར་ཨིནམ་ད་ ས་གནས་ལ་ལོ་ཅིག་ནང་ མི་ཚུ་ལུ་ ང་བཟུམ་མའི་ མི་དང་བློ་སླབ་པ་ཅིན་ བཙོན་ནང་ཚུད་འོང་ཟེར་ སླབ་ནུག་ཟེར་ ཟླ་བ་གིས་ བཤདཔ་ཨིན་པས།
ང་གིས་ ཁོང་ལུ་ ང་བཏོན་ཡང་མ་བཏང་ བཙོན་ནང་ཡང་མ་བཙུགས་ ང་ར་ ཁས་བླངས་ཐོག་ལས་ དགོངས་ཞུ་འབད་མི་དེ་ཡང་ རྒྱང་བསྒྲགས་ལས་འཛིན་ནང་ བརྡ་བརྒྱུད་དང་འབྲེལ་བའི་ ལཱ་འབད་ནི་གི་ གནས་སྟངས་ལེགས་ཤོམ་མེད་ནི་དེ་གིས་ཨིནམ་སྦེ་ སླབ་ཅི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ཟླ་བ་གིས་འབད་བ་ཅིན་ འདས་པའི་གཞུང་གིས་ ཁོང་གི་རྒྱབ་སྐྱོར་པ་ འབྲུག་རྒྱང་བསྒྲགས་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་སྦེ་ བསྐོ་བཞག་འབད་བའི་ཤུལ་ལུ་ གནས་སྟངས་སྐྱོ་དྲགས་འགྱོ་ནི་དེ་གིས་ བཀོག་བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
སྲིད་ཚོགས་ཀྱི་ གཙོ་འཛིན་གྱི་ རྩོད་འགྲན་མཇུག་བསྡུ་བའི་ཤུལ་ལས་ འབྲུག་རྒྱང་བརྒྱགས་ལས་འཛིན་གྱིས་ སྲིད་དོན་པ་ལ་ལོ་ཅིག་གི་ ཁ་ལུ་ཉན་ཏེ་ ཁྱབ་བསྒྲགས་འབད་ཡོདཔ་ ལེགས་ཤོམ་སྦེ་ར་ ང་བཅས་ཀྱིས་ ཧ་གོ་ཡི་ཟེར་ ཟླ་བ་གིས་ བཤད་པའི་ཁར་ འབྲུག་རྒྱང་བསྒྲགས་ལས་འཛིན་དེ་ མི་མང་གི་རྒྱུ་དངོས་དང་ མི་མང་གི་ གྲོས་གནས་ཨིནམ་ལས་ འཛིན་སྐྱོང་ལུ་ འདི་བཟུམ་ལོག་སྤྱོད་འབད་ནིའི་དབང་ཚད་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *