བདེ་སྲུང་སྦྱོང་བརྡར་རྩོད་བཤེར་གྱི་ སྒྲུབ་བྱེད་སྙན་གསན་འབད་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༨ ལུ་ ཆེ་མཐོ་ཁྲིམས་ཁྲི་༢ པ་གིས་ བདེ་སྲུང་སྦྱོང་བརྡར་ནང་ མ་དངུལ་ལོག་སྤྱོད་འབད་བའི་ ཉེས་འཛུགས་ནང་ འབྲེལ་བ་ཡོད་མི་ལིང་དཔོན་ ཚེ་རིང་སྟོབས་རྒྱས་ལུ་ ལུང་བསྟན་ཕུག་དམག་སྡེ་ལྟེ་བ་གིས་ དངུལ་ཀྲམ་༨༢༤,༠༠༠ ལོག་སྤྱོད་འབད་བའི་ ཉེས་འཛུགས་བཀལ་ཡོད་མི་ལུ་ སྒྲུབ་བྱེད་སྙན་གསན་འབད་ཡི།
དེ་ཡང་ ཚེ་རིང་སྟོབས་རྒྱས་ཀྱིས་ ཆེ་མཐོ་ཁྲིམས་འདུན་ལུ་ དངུལ་ཀྲམ་༡༤༠,༠༠༠ ཤོ་ཐེངས་༡༥ པའི་སྐབས་ བདུན་ཕྲག་ལྔའི་རིང་ བདག་སྐྱོང་འགོ་དཔོན་འབདཝ་ད་ རྩིས་སྒྲིག་འབད་ཡོད་པའི་ ཁ་བཟེད་ཡོདཔ་ད་ མ་དངུལ་དེ་ཡང་ ཆང་དང་བཀག་དམ་ཅན་གྱི་ ཟས་རིགས་ཉོ་མི་དང་ གསོལ་རས་བྱིན་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་སྦེ་ཞུ་ཡི།
ཁོ་ལུ་ དངུལ་ཀྲམ་༨༢༤,༩༠༠ བཀལ་ཡོད་མི་དེ་ ཚོང་པ་ཚུ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དྲི་དཔྱད་འབད་བའི་སྐབས་ ཕོག་ཚད་གུ་བཀལ་ཏེ་ སླབ་པའི་རྩིས་ཁྲ་ཚུ་མ་གཏོགས་ ཟད་རྩིས་བཏང་ཡོད་མི་ཚུ་ག་ར་ མ་ཚུད་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ སྦྱོང་བརྡར་མཇུག་བསྡུ་བའི་ཤུལ་ལས་ དངུལ་ཀྲམ་༥༠,༨༡༧ རྒྱགས་སྐལ་ལོག་སྟེ་ ཚོང་པ་ཚུ་ལུ་ སྤྲོད་ཅི་ཟེར་ཨིན་པས།
དམག་སྡེའི་ཁྲིམས་རྩོདཔ་ ཀུན་དགའ་བསྟན་འཛིན་གྱིས་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱགས་སྐལ་ལོག་སྤྲོད་མི་ཚུ་ རྩིས་ཁྲ་ནང་བདེ་སྒྲིག་འབད་དེ་ མ་བཙུགས་པས་ཟེར་ཞུ་ཡོདཔ་ད་ ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དངུལ་ཀྲམ་༡༠༠,༠༠༠ བདེ་སྒྲིག་འབད་ཡོདཔ་སྦེ་ སླབ་ནུག་ཟེར་ཞུ་ཡི།
ཁོ་གིས་སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཚེ་རིང་སྟོབས་རྒྱས་ཀྱིས་ ཀར་ན་བྷ་དུར་ཁར་ཀ་གི་ ཚོང་ཁང་དང་གཅིག་ཁར་ དངུལ་ཀྲམ་༤༡༤,༢༦༠ རྩིས་སྒྲིག་འབད་བའི་ཁར་ དགའ་རྒྱལ་ཚོང་ཁང་ལས་ དངུལ་ཀྲམ་༣༡༠,༦༥༠ དེ་ལས་ རྡོ་རྗེ་མངར་ཟས་ཚོང་ཁང་ལས་ དངུལ་ཀྲམ་༡༠༠,༠༠༠ བདེ་སྒྲིག་འབད་ཡོདཔ་སྦེ་ མཐོང་ནུག་ཟེར་ཞུ་ཡི།
ཞིབ་དཔྱད་འབད་མི་ཚུ་གིས་ ཚོང་པ་དང་ མཛོད་གཉེར་ཚུ་གིས་ ཐོ་སོ་སོར་སྦེ་ བཞག་ཡོད་མི་ཚུ་ཡང་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།
ལིང་དཔོན་ཚེ་རིང་སྟོབས་རྒྱས་ཀྱིས་ ཚོང་དཔོན་ཚུ་གིས་ ངག་བརྗོད་བྱིན་མི་ཚུ་ག་ར་ ཕོག་ཚད་གུ་བཀལ་ཏེ་ སླབ་ནུག་ཟེར་ཨིནམ་དང་ ཚོང་པ་ཚུ་ག་ར་ བདེ་སྲུང་སྦྱོང་བརྡར་འབད་བའི་སྐབས་ བཅའ་མར་གཏོགས་མི་ འགོ་དཔོན་ག་ར་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ཨིནམ་ལས་ ཁོང་ཚུ་གིས་ འགོ་དཔོན་ག་དང་གཅིག་ཁར་ མ་དངུལ་ག་དེ་རེ་ ཡོདཔ་ཨིན་ན་ སེམས་ཁར་བཞག་ནི་དེ་ ལཱ་ཁག་འོང་ཟེར་ཞུ་ཡི།
ཁོ་གིས་ ཁྲིམས་འདུན་ལུ་ ཀར་ན་བྷ་དུར་དེ་ སེམས་ཁམས་ཀྱི་ནད་གཞི་ཡོད་པའི་ མི་ཅིག་ཨིན་པའི་སྐོར་ལས་ཡང་ གསོ་བའི་སྙན་ཞུ་ཕུལ་ཡོདཔ་ཨིན་པས།
ཁོ་གིས་ དགའ་རྒྱལ་ཚོང་ཁང་གི་ཇོ་བདག་ འཕྲིན་ལས་རྒྱ་མཚོ་གིས་ ཁོ་ལུ་ ཐོག་མའི་དམག་སྡེ་ལྟེ་བའི་ ཁྲིམས་འདུན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ དྲི་དཔྱད་ཐེངས་གཉིས་པ་ རྩིས་བཱིལ་ནང་ཡོད་མི་ ལག་བྲིས་ཚུ་ ཁོ་གིས་མེན་ཟེར་སླབ་ནུག་ཟེར་ཞུ་ཡི།
ཁྲིམས་རྩོདཔ་གིས་ ཚོང་པ་ཚུ་གིས་ ངག་བརྗོད་ཚུ་ སོར་ནི་དེ་གིས་ ཁྲིམས་འདུན་གྱིས་ བདེན་དཔྱད་འབད་དགོཔ་སྦེ་ ཞུ་ཡི།
ལིང་དཔོན་ཚེ་རིང་སྟོབས་རྒྱས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་འབད་མི་ཚུ་གིས་ བདེ་སྲུང་སྦྱོང་བརྡར་འབད་མི་ ཉིན་བསྟར་བཞིན་དུ་ མི་༡༨༢ ཡོདཔ་ཨིན་རུང་ མི་༡༢༡ ལུ་རྐྱངམ་གཅིག་ རྩིས་རྐྱབ་ནུག་ཟེར་ ཞུ་ཡོད་པའི་ཁར་ སྦྱོང་བརྡར་པ་ཚུ་གིས་མ་དོ་བར་ གཞན་ཡང་ བཅའ་སྒྲིག་རྐྱབ་མི་དང་ མགྲོན་བརྡ་འབད་དེ་ གསལ་བཤད་འབད་བར་འོང་མི་ དེ་ལས་ གཞན་འགོ་དཔོན་ཚུ་ཡང་ འོང་ནི་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཁོ་གིས་འབད་བ་ཅིན་ སྦྱོང་བརྡར་འབད་བའི་ ཤོ་ཐེངས་ཚུའི་བར་ན་ ཁྱད་པར་བལྟ་དགོཔ་ གལ་ཆེ་བས་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *