བདེ་སྲུང་སྦྱོང་བརྡར་གྱི་ རྩོད་བཤེར་ནང་འབྲེལ་བ་ཡོད་མི་༣ ལུ་ བཙོན་ཁྲིམས་དང་༢ ཉེས་གྲོལ་བཏང་ཡོདཔ།

༉ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ བདེ་སྲུང་སྦྱོང་བརྡར་ནང་ མ་དངུལ་ལོག་སྤྱོད་དང་འབྲེལ་བའི་ རྩོད་བཤེར་ནང་ འབྲེལ་བ་ཡོད་མིའི་གྲས་ལས་ མི་༣ ལུ་ཉེས་ཁྲིམས་དང་ གཞན་མི་༢ ཉེས་གྲོལ་བཏང་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༡༠ པའི་ཚེས་༢༥ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ལིང་དཔོན་ཚེ་རིང་སྟོབས་རྒྱས་ཀྱིས་ དངུལ་ལོག་སྤྱོད་དང་ རྩིས་བཱིལ་རྫུས་མ་བཟོ་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ དང་ཟླཝ་༧ བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་ཟེར་བཀོད་ནུག།

ཁྲིམས་འདུན་གྱིས་འབད་བ་ཅིན་ ཉེས་ཅན་གྱིས་ བཀག་དམ་ཅན་གྱི་ཟ་ཆས་ སྦྱོང་བརྡར་སྐབས་བྱིན་དགོཔ་ཐོན་མི་ཚུ་ རྩིས་བཱིལ་ནང་ སྙོམས་སྒྲིག་འབད་མི་ཚུ་ ངོས་ལེན་འབད་ཡོད་རུང་ འཁྲུན་ཆོད་དང་འཁྲིལཝ་ད་ དངུལ་ཀྲམ་༤༢༤,༡༧༦ ལྷག་ལུས་ཡོད་མི་དེ་ རྩིས་སྒྲིག་འབད་མ་ཚུགས་པས་ཟེར་ བཀོད་ནུག།

མ་དངུལ་དེ་ཡང་ ཉེས་ཅན་གྱིས་ སྙོམས་སྒྲིག་འབད་མི་དང་ ཚོང་པ་ལས་ བཀྲམ་སྤེལ་འབད་མི་ཐོ་དེབ་དང་འཁྲིལཝ་ སྒྲུབ་བྱེད་དབྱེ་དཔྱད་འབད་བའི་སྐབས་ ཁྱད་པར་ཐོན་མི་དེ་ཨིན་པས།

ཁྲིམས་འདུན་གྱིས་ ཚོང་པ་དང་ཉེས་འཛུགས་ཅན་ དེ་ལས་ ཁོ་གི་ལས་རོགསཔ་ཚུ་ལས་ལེན་མི་ ངག་བརྗོད་ཚུ་ལུ་ དབྱེ་དཔྱད་འབད་བའི་ཤུལ་ལས་ གནང་ཡོདཔ་ཨིན་པས།

ན་ཧིང་གི་ལོ་ནང་ ལུང་བསྟན་ཕུག་ལུ་ཡོད་མི་ དམག་སྡེ་ཁྲིམས་འདུན་གྱིས་ ལིང་དཔོན་ཚེ་རིང་སྟོབས་རྒྱས་ལུ་ དངུལ་ཀྲམ་༨༢༤,༠༠༠ ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ལས་ བདག་སྐྱོང་གི་ཉེས་ཁྲིམས་སྦེ་ ཁོ་ལུ་ ཐོབ་ལམ་ག་ནི་ཡང་མེདཔ་སྦེ་ གཡོག་ནང་ལས་ དགོངས་ཞུ་བཏང་ཡོདཔ་ད་ བྱ་ངན་དེ་ཡང་ བདེ་སྲུང་ཤོ་ཐེངས་༡༥ པའི་སྐབས་ བྱུང་ཡོདཔ་ཨིན་པས།

ཁོ་གིས་ ཆེ་མཐོ་ཁྲིམས་འདུན་ལུ་ ཐོག་མའི་ཁྲིམས་འདུན་གྱིས་ ངན་ལྷད་བཀག་སྡོམ་ལྷོན་ཚོགས་ལུ་ ངག་བརྗོད་བྱིན་མི་ལུ་རྐྱངམ་གཅིག་ ཆ་བཞག་སྟེ་ འཁྲུན་ཆོད་གནང་ནུག་ཟེར་ མཐོ་གཏུགས་འབད་ཡོདཔ་ད་ ཁོ་གིས་ ཚོང་པ་ཚུ་གིས་ ཐོག་མའི་ཁྲིམས་འདུན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་བྱིན་མི་ ངག་བརྗོད་ཚུ་ རང་དབང་ཐོག་ལས་བྱིན་མ་ཚུགས་ཟེར་ ཞུ་ཡོདཔ་སྦེ་ མཐོ་གཏུགས་འབད་བའི་སྐབས་ལུ་ ཞུ་ནུག།

ལིང་དཔོན་བསོད་ནམས་ཚེ་རིང་དེ་ མི་དམངས་མ་དངུལ་ལོག་སྤྱོད་འབད་མི་དང་ རྫུས་བཟོའི་ཉེས་འཛུགས་ཐོག་ལས་ བཙོན་ཁྲིམས་ལོ་༡ དང་ཟླཝ་༤ བཀལ་ནུག།

ལིང་དཔོན་བསོད་ནམས་ཚེ་རིང་གིས་ བདེ་སྲུང་ཤོ་ཐེངས་༡༢ པ་དང་༢༡ པའི་སྐབས་ དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་དམག་སྦྱོང་ལྟེ་བའི་ནང་ བདག་སྐྱོང་འགོ་དཔོན་གྱི་ འགན་ཁུར་འབག་ཡོདཔ་ཨིན་པས།

ཁོ་ལུ་ཡང་ འཁྲུན་ཆོད་བཏོན་ནིའི་དོན་ལུ་ ཁྲིམས་འདུན་གྱིས་ ངག་བརྗོད་བྱིན་ཡོད་མི་དང་ རྩིས་སྙོམས་སྒྲིག་འབད་མི་ཚུ་ ངོས་ལེན་འབད་ཡོདཔ་ཨིན་པས།

འཁྲུན་ཆོད་དང་འཁྲིལཝ་ད་ ཁོ་གིས་ ཤོ་ཐེངས་༡༢ པའི་ནང་ལས་ དངུལ་ཀྲམ་༢༡༨,༢༨༢ དང་ ཤོ་ཐེངས་༢༡ པའི་ནང་ལས་ དངུལ་ཀྲམ་༡༥༩,༢༦༣ རྩིས་སྒྲིག་འབད་མ་ཚུགས་པས་ཟེར་ བཀོད་ནུག།

ལིང་དཔོན་བསོད་ནམས་ཚེ་རིང་གི་ལས་རོགསཔ་ མཛོད་གཉེར་སྟང་ཀ་ལུ་ ཤོ་ཐེངས་༢༡ པའི་སྐབས་ དངུལ་ཀྲམ་༧༤,༢༩༩ གནས་པའི་ཤ་ ཐེབས་ཉོ་ཡོད་མི་དེ་ ཁོ་གི་དོན་ལུ་འབད་ཡོདཔ་སྦེ་ སླབ་ཡོདཔ་ལས་ བཙོན་ཁྲིམས་ལོ་༡ བཀལ་ནུག།

སྟང་ཀ་ལུ་ ཁྲིམས་འདུན་གྱིས་ མ་དངུལ་དེ་ ལོག་སྟེ་སོར་ཆུད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ ཁྲིམས་འདུན་གྱིས་ རྩོད་བཤེར་ནང་འབྲེལ་བ་ཡོད་མི་ ཚོང་པ་ཚུ་ཡང་ ཉེས་ཁྲིམས་ཕོག་དགོཔ་ཅིག་ཡོད་རུང་ ཐོག་མའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་པའི་ཤུལ་ལས་ མཐོ་གཏུགས་མ་འབདཝ་ལས་ བཀལ་ཐབས་མིན་འདུག་ཟེར་ བཀོད་ནུག།

ལིང་དཔོན་རྡོ་རྗེ་ཊི་དང་ ཁོ་རའི་ལས་རོགསཔ་ དཀར་སངས་ཀྱིས་ བདེ་སྲུང་ཤོ་ཐེངས་༤ པའི་སྐབས་ རྫུས་བཟོ་དང་ མི་དམངས་མ་དངུལ་ལོག་སྤྱོད་འབད་མི་ དེ་ལས་ སྡོང་ཟླ་འབད་བའི་ ཉེས་འཛུགས་འབད་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ ཐོག་མའི་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ བསྒྱུར་བཅོས་འབད་དེ་ ཉེས་པ་མེད་པའི་འཁྲུན་ཆོད་གནང་ཡི།

དེ་ཡང་ ཚོང་པ་ཅིག་གིས་ གནད་དོན་དེ་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ངག་བརྗོད་བྱིན་ཡོད་མི་དེ་ ཤུལ་ལས་ ཁོ་གིས་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ ཚོང་ཆས་བཀྲམ་སྤེལ་འབད་ཡོད་མི་གི་རྩིས་ཚུ་ སེམས་ཁར་མེདཔ་ལས་ ངག་བརྗོད་ནང་བྱིན་མི་རྩིས་ཚུ་ འཛོལ་སོ་ནུག་ཟེར་ཞུ་མི་དང་ ཉེས་འཛུགས་དེ་ལུ་ རྒྱབ་རྟེན་གྱི་སྒྲུབ་བྱེད་ཚུ་མེདཔ་ལས་ ཁྲིམས་འདུན་གྱིས་ ཉེས་འཛུགས་འབད་ཐབས་མིན་འདུག་ཟེར་ བཀོད་ནུག།

དེ་ལས་ གཞན་མི་ཚོང་གི་དོན་ལུ་ ཀར་ན་བྷ་དུར་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཁོ་གིས་ དཀར་སངས་ལུ་ དངུལ་ཀྲམ་༡༨,༠༠༠ བྱིན་ཡོདཔ་སྦེ་ ངག་བརྗོད་བྱིན་ཡོད་པའི་ ཉེས་འཛུགས་ལུ་ཡང་ རྒྱབ་རྟེན་གྱི་སྒྲུབ་བྱེད་ཕུལ་ནི་མེདཔ་ལས་ དེ་ཡང་ ཉེས་ཁྲིམས་བཀལ་ཐབས་མིན་འདུག་ཟེར་ འཁྲུན་ཆོད་ནང་ བཀོད་འདུག་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *