བདེ་སྲུང་ཤོ་ཐེངས་༢ པའི་ནང་ ཉེས་འཛུགས་ཕོག་མི་༢ ཆེ་མཐོ་ཁྲིམས་འདུན་གྱིས་ ཉེས་གྲོལ་བཏང་ཡོདཔ།

༉ ཁ་ཙ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་དང་པ་གིས་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༢ པའི་སྐབས་ མ་དངུལ་ལོག་སྤྱོད་འབད་བའི་རྩོད་བཤེར་ཐོག་ ཉེས་ཁྲིམས་ཕོག་མི་ དམག་སྲིད་འོགམ་ ཀུན་ལེགས་རྡོ་རྗེ་དང་ ཚོང་པ་ཅིག་ལུ་ ལུང་བསྟན་ཕུག་དམག་སྡེ་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་མི་དེ་ ཧྲིལ་བུམ་བསྒྱུར་བཅོས་འབད་དེ་ ཉེས་གྲོལ་བཏང་ཡི།

ཐོག་མའི་ཁྲིམས་འདུན་གྱིས་ དམག་སྲིད་འོགམ་ཀུན་ལེགས་རྡོ་རྗེ་ལུ་ དངུལ་ཀྲམ་༣༡༥,༠༦༩ ལོག་སྤྱོད་འབད་བའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༢ དང་ཟླཝ་༦ བཀལ་ཡོད་པའི་ཁར་ ཚོང་པ་ཨོ་རྒྱན་མཚོ་མོ་༢ ལུ་ མ་དངུལ་ལོག་སྤྱོད་འབད་ནིའི་དོན་ལུ་ གྲོགས་རམ་འབད་བའི་ ཉེས་འཛུགས་ཐོག་ ཟླཝ་༨ བཙོན་ཁྲིམས་བཀལ་ནུག།

ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ བདེ་སྲུང་ཤོ་ཐེངས་༢ པའི་སྦྱོང་བརྡར་ལས་རིམ་སྐབས་ ཚོང་པ་ ཨོ་རྒྱན་མཚོ་མོ་གིས་ དངུལ་ཀྲམ་༣༠༠,༠༠༠ མ་གཏོགས་ མ་འཐོབ་ཟེར་བཀོད་མི་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ཨུ་ཚུགས་བསྐྱེད་དེ་ དངུལ་ག་དེམ་ཅིག་ སྤྲོད་ཡོདཔ་ཨིན་ན་ ཚད་གཞི་ཅིག་སླབ་དགོཔ་སྦེ་ར་ སླབ་ནི་དེ་གིས་ མོ་གིས་ ཕོག་ཚོད་ཐོག་ལས་ མ་དངུལ་གྱི་ཚད་གཞི་དེ་ ཐེ་ཚོམ་ཐོག་ལས་ ངག་བརྗོད་བྱིན་ནུག་ཟེར་བཀོད་ནུག།

མོ་གིས་ ཚོང་འབྲེལ་དེ་ ལོ་ངོ་མང་རབས་ཅིག་གི་ཧེ་མ་ལས་ འཐབ་ཡོདཔ་ལས་ མ་དངུལ་ག་དེམ་ཅིག་ ལེན་ཡོདཔ་ཨིན་ན་དང་ རྩིས་བཱིལ་སྟོངམ་ག་དེམ་ཅིག་ ག་ལུ་བྱིན་ཡོདཔ་ཨིན་ན་ཚུ་ཡང་ ཁ་གསལ་སྦེ་ དྲན་མི་ཚུགས་པས་ཟེར་ སླབ་ཡོདཔ་ཨིན་པས།

ཁྲིམས་འདུན་གྱིས་ ཤིང་འབྲས་དང་ཚོད་བསྲེ་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༣༠༠,༠༠༠ བཏང་ཡོད་མི་གིས་ ལང་ཚུགས་དང་མི་ཚུགས་ དབྱེ་དཔྱད་འབད་ནིའི་དོན་ལུ་ བདེ་སྲུང་ཤོ་ཐེངས་༩ པའི་སྐབས་ ཟད་འགྲོ་བཏང་ཡོད་མི་དང་གཅིག་ཁར་ དབྱེ་བ་དཔྱད་ལྟཝ་ད་ ཤོ་ཐེངས་དེ་ནང་ བདག་སྐྱོང་འགོ་དཔོན་ སྲིད་རྒྱལ་ཚེ་དབང་གི་སྐབས་ལུ་ཡང་ ཚོད་བསྲེ་དང་ སྒོང་རྡོག་ ཤིང་འབྲས་ལ་སོགས་པའི་དོན་ལུ་ཡང་ མཐོ་སྟོད་མཐོ་སྨད་དུམ་གྲ་ཅིག་མ་གཏོགས་ ཟད་འགྲོ་ཧ་ལམ་འདྲན་འདྲ་ར་ བཏང་ཡོདཔ་མཐོང་ཡི་ཟེར་ འཁྲུན་ཆོད་ནང་བཀོད་ནུག།

དེ་མ་ཚད་ ཁྲིམས་འདུན་གྱིས་ ཉེས་འཛུགས་དེ་ལུ་ དབྱེ་དཔྱད་འབད་བའི་སྐབས་ ཐོག་མའི་ཁྲིམས་འདུན་གྱིས་ ཚོང་པ་གིས་བྱིན་མི་ ངག་བརྗོད་རྐྱངམ་གཅིག་ལུ་ གཞི་བཞག་ཐོག་ལས་ ཉེས་ཁྲིམས་བཀལ་ཡོདཔ་ལས་ རྒྱབ་སྣོན་གྱི་སྒྲུབ་བྱེད་གཞན་ག་ནི་ཡང་མེདཔ་ལས་ ཉེས་འཛུགས་བཀལ་ཐབས་མིན་འདུག་ཟེར་བཀོད་ནུག།

ཚོང་པ་ ཨོ་རྒྱན་མཚོ་མོ་གིས་ཡང་ ཉེས་འཛུགས་ཅན་ལུ་ དངུལ་ཚུལ་མིན་སྤྱོད་ནིའི་དོན་ལུ་ གྲོགས་རམ་དང་དཔུང་གྲོགས་སོགས་འབད་བའི་ ར་ཁུངས་མེདཔ་ལས་ གནད་དོན་དེ་ལུ་ཡང་ རྒྱབ་སྣོན་སྒྲུབ་བྱེད་མེདཔ་ལས་ ཉེས་འཛུགས་བཀལ་ཡོད་མི་དེ་ཡང་ ཉེས་ཁྲིམས་ཕོག་དགོཔ་མིན་འདུག་ཟེར་བཀོད་ནུག།

དམག་སྡེའི་ཁྲིམས་འདུན་གྱིས་ དམག་སྲིད་འོགམ་ཀུན་ལེགས་རྡོ་རྗེ་གིས་ དངུལ་ཀྲམ་༣,༡༥༠༦༩ ལོག་སྤྱོད་འབད་ནུག་ཟེར་ བཙོན་ཁྲིམས་བཀལ་ཡོད་རུང་ ཆེ་མཐོ་ཁྲིམས་འདུན་གྱིས་ དབྱེ་དཔྱད་འབད་བའི་སྐབས་ མ་དངུལ་དེ་གི་གྲས་ཁར་ ཁྲལ་དངུལ་ཀྲམ་༡༢,༣༠༡ བཏབ་ཡོད་མི་དེ་ཡང་ ལོག་སྤྱོད་འབད་བའི་གྲངས་སུ་བཞག་ནུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *